R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༢༤
[A:༥༢༤]དབང་ཁྲིད་རྗེས་གནང༌། བཀའ་འབུམ་དུ་མའི་ལུང་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་དོ། །བསྟན་འཛིན་གྱི་སློབ་བུའི་ཚོགས་ནི། གཙོ་ཆེར་སྨོས་ན་བྱམས་པ་བསོད་ནམས་བཟང་པོ་ཐུབ་བསྟན་རྣམ་པར་གསལ་བའི་སྡེ། བྱམས་པ་ནམ་མཁའ་བསམ་གྲུབ། སྦས་པའི་རྣལ་འབྱོར་བཀྲ་ཤིས་ལྷུན་གྲུབ། འཇམ་མགོན་ཚུལ་ཁྲིམས་ལྷུན་གྲུབ། ཞབས་དྲུང་དཔལ་ལྡན་བཟང་པོ། ཞབས་དྲུང་ནམ་མཁའ་རྒྱལ་མཚན། ཆོས་རྗེ་རྡོ་རྗེ་གདན་པ། དབུ་མཛད་སངས་རྒྱས་ཚུལ་ཁྲིམས་སོགས་མཁས་གྲུབ་རྣམས་དང༌། སློབ་མའི་ཐ་ཆུང་བདག་དཔལ་ལྡན་ཆོས་སྐྱོང་སོགས་དཔག་ཏུ་མེད་པ་ཉིད་དོ། །གཙུག་ལག་ཁང་དུ་འབོལ་དང༌། གྲུམ་ཙེ་བཅས་ཚོགས་གདན་ཡོངས་རྫོགས་གསར་བཞག་དང༌། རིགས་ལྔ་དར་དཔྱངས་མེ་ཏོག་ཕྲེང་བ་བཅས་ཚང་འགྲིགས་ཉེར་ལྔ། དབང་ཁང་དུའང་དེ་མཚུངས་ཉེར་ལྔ་བཅས། ཁྱོན་ལྔ་བཅུ་སྐོར་གསར་བཞེངས། མགོན་ཁང་སྟེང་དུ་ཐུགས་ལྕགས་སྤུས་ལེགས་གསུམ་སོགས་མདོར་ན་མཛད་པ་དང་ཕྲིན་ལས་བཟང་པོའི་འོད་དཀར་རབ་ཏུ་རྒྱས་པས་བསྟན་འགྲོའི་ཀུནྡའི་ཚལ་རྣམས་ཆེས་ཆེར་བཞད་པའི་ཕན་བདེའི་དྲི་བསུང་བཟང་པོས་ནོར་འཛིན་གྱི་ཁྱོན་རྣམས་ཡོངས་སུ་ཁྱབ་པར་གྱུར་ཏོ། །དགུང་ལོ་ཞེ་ལྔ་པ་རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་ལོའི་ཧོར་ཟླ་གཉིས་པའི་ཉེར་བཞིར་ཞིང་འདིའི་མཛད་པ་རེ་ཞིག་རྫོགས་པའི་ཚུལ་གྱིས་ཞི་བར་གཤེགས་ནས་ཞག་ལྔར་སྐུ་དྲང་པོར་བསྲང༌། ཞབས་རྡོ་རྗེ་སྐྱིལ་དཀྲུང་གིས་བཞུགས་ཏེ་གཟི་མདངས་མ་