R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༢༥
[A:༥༢༥]ཉམས་པར་བཞུགས་སོ། །དེའི་བར་རྡོ་རྗེ་འཛིན་པ་ཆེན་པོ་བསྟན་འཛིན་ལྷུན་གྲུབ་ཀྱིས་གཙོས་དཔོན་སློབ་བཅུ་གསུམ་ཙམ་གྱིས། ཧེ་བཛྲ་གྱི་རས་བྲིས་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང༌། གཞན་ཡང་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པས་ཀྱང་མཆོད་དོ། །སྐུ་གདུང་ཞུགས་འབུལ་གྱི་རིམ་པ་རྣམས་མཚུངས་མེད་ཆོས་ཀྱི་རྗེ་བསྟན་འཛིན་ལྷུན་གྲུབ་པས་མཛད་ཅིང༌། རྗེས་ཀྱི་བྱ་བ་དགོངས་རྫོགས་ཀྱི་རིམ་པ་ལམ་འབྲས་ལྷ་ཁང་དུ་སྐུ་བརྙན་དང༌། དུས་ཐང་བཞེངས་པ་སོགས་རྗེ་རང་གི་ཕྱག་མཛོད་དཔལ་ལྡན་ལྷུན་གྲུབ་པས་ལྷག་པའི་བསམ་པ་རྣམ་པར་དག་པའི་སྒོ་ནས་ལེགས་པར་བསྒྲུབས་སོ། །དུས་མཆོད་ཡང་ཟླ་བ་རེ་བཞིན་ཉེར་དྲུག་ལ་ད་ལྟ་བར་གདན་ས་རིམ་བྱོན་རྣམས་ཀྱི་འཛིན་གྲས་བཀའ་དྲིན་ཆེ་འདུག་ཀྱང༌། དུས་རྟེན་ཞིག་མེད་ན་དུས་མཆོད་རྒྱུན་བསྲིང་དཀའ་ཞིང་སླད་མའི་གདན་ས་རིམ་ཕེབས་རྣམས་འཛིན་གྲས་འོ་བརྒྱལ་བ་བཅས། བདག་དགེ་སློང་དཔལ་ལྡན་ཆོས་སྐྱོང་གིས། ལྡན་ས་དཀར་དུ་སྒར་གཞི་གསར་འཛུགས་དང་བླ་བྲང་ཕྱག་མཛོད་ཇ་འཁོར་དྲུག་མ་བརྒྱ་ཐམ་པར་སྦྱོར་འཇགས་ཞུས།། །།བདག་ཅག་གི་འདྲེན་པ་དམ་པ་མཚན་བརྗོད་པར་དཀའ་བ་ཁྱབ་བདག་རིགས་བརྒྱའི་མགོན་པོ་བྱམས་པ་བསོད་ནམས་བཟང་པོ་འདི་ཉིད་ནི། ངེས་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་ཉིད། ཞིང་འདིར་རང་ཅག་གདུལ་བྱ་རྣམས་ཀྱི་བློ་མཐུན་པར་རིགས་རུས་ཀྱི་སྐུ་འཁྲུངས་པའི་ཚུལ་བསྟན་པའི་ཡུལ་ནི། གཙང་རོང་གི་གླིང་མ་ཁ་ཞེས་པ་གདུང་རུས་འགྲོ་མགོན་