[A:༥༣༠]རྣམ་གཞག །བུ་སློབ་དུ་མ་ལ་གནང་བའི་ཞལ་གདམས་ཀྱི་ཡི་གེ །སྙན་དངགས་ཀྱི་རྩོམ་རྒྱུད་སྔ་ཕྱི་སོགས་ཅི་རིགས་པ་བཞུགས་པའི་བསྟན་བཅོས་དེ་དག་ཀྱང་ཚིག་དོན་ཀུན་གྱི་སྒོ་ནས་ཁྱད་པར་འཕགས་པ་ཉིད་དོ། །དགུང་ལོ་སོ་བཞི་པ་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོར་མཁས་གྲུབ་ཆེན་པོ་འཇམ་མགོན་བཀྲ་ཤིས་ལྷུན་གྲུབ་པ་རྒྱལ་ཚབ་དམ་པར་མངའ་གསོལ་ནས། རྗེ་ཉིད་ཁང་སར་ཕུན་ཚོགས་གླིང་དུ་བཞུགས་ནས་བཤད་སྒྲུབ་སྤེལ་མས་དུས་འདའ་བར་མཛད། སོ་བརྒྱད་པ་མེ་རྟ་ལོར་ལྷ་ས་བསམ་ཡས། ཡར་ལུང་ཁྲ་འབྲུག་སོགས་གནས་ཆེན་རྣམས་ལ་ཞབས་བསྐོར་རྒྱས་པ་དང༌། མཆོད་འབུལ། བསྟན་འགྲོའི་དོན་དུ་སྨོན་ལམ་རྒྱ་ཆེར་མཛད་པ་དང༌། རྨོར་ཆེན་རྡོ་རྗེ་འཛིན་པའི་ཞབས་པད་ཡུན་རིང་བརྟེན་པའི་གདམས་པ་རྒྱ་མཚོས་ཕ་རོལ་དུ་སོན་ཅིང་ལོ་ངོ་ཙམ་ནས་ཡར་ཕེབས། དགུང་ལོ་སོ་དགུ་པ་སྤྲེའུ་ཞེས་པ་མེ་མོ་ལུག་གི་ལོར། ཀློ་བོ་དང་མོན་པ་འཁྲུགས་པས་ཐུགས་བསྐྱེད་རྒྱ་ཆེན་པོས་འདུམ་པར་ཕེབས། ཉིད་ཀྱི་བཀའ་ཕན་ཚུན་གཉིས་ཀས་སྦྱི་བོར་བླངས་ཏེ། དུས་འཁྲུག་ཞི་ཞིང་རྒྱལ་ཁམས་བདེ་སྐྱིད་ཀྱི་དཔལ་ལ་བཀོད། རྡོ་རྗེ་ཕྲེང་བ་ལ་སོགས་པའི་དབང་བསྐུར་དང༌། བཤད་སྒྲུབ་སྤེལ་མ་མཛད་ཅིང་ལོ་གསུམ་བཞུགས། སླར་ཡང་ངོར་དུ་ཕེབས་ནས་ཁང་སར་ཕུན་ཚོགས་གླིང་དུ་བླ་མ་ཡི་དམ་ཆོས་སྲུང་ནོར་ལྷ་སོགས་ཀྱི་བྲིས་ཐང་དུ་མ་དང༌། རྡོ་རྗེ་ཕྲེང་བའི་དཀྱིལ་ཐང་ཡོངས་རྫོགས། གསེར་ཟངས་ལས་གྲུབ་པའི་ཐུབ་པའི་སྐུ་ཐོག་ཚད། གཞན་ཡང་ཙནྡན་གྱི་སྐུ་འགའ་ཞིག་བཅས་རྟེན་