R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༣༡
[A:༥༣༡]བཞེངས་དཔག་མེད་དང༌། བཤད་སྒྲུབ་སྤེལ་མ་མཛད་ཅིང་ལོ་བཞི་བཞུགས། ཡང་བསྐྱར་ཀློ་བོ་པ་དང་མོན་བ་འཁྲུག་གཟིངས་ཆེ་བར་གྱུར་ཅིང༌། མི་བསད་དཔག་མེད་བྱུང་བས་སེམས་ཅན་གྱི་སྡུག་བསྔལ་ལ་གཟིགས་ནས་བྱམས་སྙིང་རྗེ་ཚད་མེད་པས་ཐུགས་རྒྱུད་བསྐུལ་བ་དང༌། ཀློ་ཡུལ་ནས་ཀྱང་སྤྱན་འདྲེན་པའི་ཕོ་ཉ་བྱུང་བ་དང༌། གཞུང་ས་སྡེ་སྲིད་མིའི་དབང་པོས་བཀའི་བསྐུལ་བ་རྣམས་རྟེན་འབྲེལ་འཛོམ་པས། སྟག་ལོར་ཀློ་བོར་ཆིབས་བསྒྱུར་གནང་སྟེ། གཉིས་ཆར་ལ་བཀའ་སྩལ་བ་ཙམ་གྱིས། མཐའ་མི་མོན་པ་རྣམས་ལས་འབྲས་རྨོངས་ཤིང་དམུ་རྒོད་གདུལ་དཀའ་ཡང༌། རྗེ་འདིའི་ཐུགས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་ཚད་མེད་པ་མངའ་བའི་མཐུ་སྟོབས་ཀྱིས། མཐའ་མི་རྣམས་དད་པས་ཡིད་ཕྲོགས་ཏེ་མོས་གུས་ཀྱི་སྒོ་ནས་བླ་མའི་བཀའ། ཅི་གསུངས་དང་དུ་བླངས་པར་བརྟེན། སེམས་ཅན་རྣམས་བདེ་སྐྱིད་ལ་བཀོད་པ་འདི་ཁོ་ནའང་རྒྱལ་སྲས་ཀྱི་མཛད་པ་རྨད་དུ་བྱུང་བའི་རྣམ་པར་ཐར་པའོ། །དེ་ནས་རིམ་གྱིས་བལ་པོ། སྐྱི་རོང༌། གངས་ཏི་སེ་སོགས་མངའ་རིས་སྟོད་སྨད་ཀྱི་གནས་ཆེན་རྣམས་ལ། གནས་གཟིགས་དང་དེ་དག་ལ་ཀར་མེ་གསེར་ཆབ་སྙན་དར་མཆོད་འབུལ་བསམ་གྱིས་མི་ཁྱབ་པ་དང་བཅས་པའི་སྒོ་ནས། བསྟན་པ་སྤྱི་སྒེར་དར་ཞིང་རྒྱས་པ་དང༌། སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་སྨོན་ལམ་རྒྱ་ཆེན་པོ་མཛད་ནས་རིམ་གྱིས་བྱོན་ནས་གདན་ས་ཆེན་པོར་འཇམ་དབྱངས་མིའི་ཚུལ་འཛིན་ཡབ་སྲས་ལ་ལེགས་འབུལ་མང་འགྱེད། རྟེན་གསུམ་རྣམས་ལ་མཆོད་