R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༣༤
[A:༥༣༤]ཀྱང་ཕེབས་པར་གྱུར་ཚེ། དེ་ཉིན་ནམ་མཁའ་མདངས་གསལ་ཞིང་ཉི་མའི་དཀྱིལ་འཁོར་དངས་པས་འོད་ཟེར་གྱི་དྲ་བ་ཕྱོགས་བཅུར་ཁྱབ་པ་དང༌། བསེར་བུའི་རླུང་གིས་རྡུལ་ཀྱང་མེད་པར་ཐམས་ཅད་ཀྱང་ཐུགས་སྤྲོ་ཞིང༌། ཡ་མཚན་པའི་གཏམ་གྱིས་དུས་འདའ་བར་གྱུར། རིམ་གྱིས་བླ་བྲང་གི་རྩིས་འབུལ་རྣམས་ཞུས། ལོ་དེར་སྟོད་སྨད་ཀྱི་འབུལ་སྐྱེལ་མང་རབ་དང༌། ཁྱད་པར་དགེ་བའི་བཤེས་གཉེན་མཚུངས་མེད་དབོན་སངས་རྒྱས་ཡེ་ཤེས་པ་ཕེབས་ཤིང༌། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེས་གཙོས་སྐུ་གསུང་ཐུགས་རྟེན་མཆོད་པའི་ཡོ་བྱད་འབུལ་ནོད་བརྗོད་ཀྱིས་མི་ལང་བ་ཕུལ། རིམ་གྱིས་གསུང་ངག་གི་གཙོས་དབང་ལུང་མན་ངག་དུ་མ་དང༌། བསྟན་པའི་འཛིན་སྐྱོང་སྤེལ་གསུམ་ཟུང་འབྲེལ་དུ། ཐོག་མཐར་དམ་པ་འདི་ཉིད་ཀྱི་མཛད་པས་སྐུ་དྲིན་ལེགས་གསོལ་དུ་དད་ལྡན་པ་བདག་དཔལ་ལྡན་ཆོས་སྐྱོང་ཅན་གྱི། སྐྱབས་མགོན་དམ་པ་ཉིད་ཞབས་པད་ཡུན་དུ་བརྟན་ཕྱིར། ཇི་སྲིད་བར་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་བདུན་ལ་དགེ་འདུན་གཉུག་མར་གནས་པ་རྣམས་ལ་མང་ཇ་རེའི་རྟེན་དུ་ངོས་ནས་བླ་བྲང་རྩིས་སྤྲོད་ཀྱི་ཐོག་ཏུ་སྤམ་སྤྲོད་ཇ་དངུལ་དར་རས་རྩམ་ནས་སོགས་ཕོན་ཆེ་བ་དང༌། སླར་རྒྱབ་སོར་ཕན་ཁང་དུ་མ་འོངས་དུས་རྟེན་ཇ་བརྒྱ་དང་ཉི་ཤུ་ཕུལ། ལོ་དེར་ཆོས་འཆད་ཉན་བསྟན་པའི་འཛིན་སྐྱོང་ཕུན་སུམ་ཚོགས་པ་གནང་ཞིང༌། ལྕགས་སྤྲེལ་ལོར་གདན་ས། སངས་རྒྱས་དཔལ་བཟང་ལ་མངའ་གསོལ་གྱི་རྩིས་སྤྲད་ཞུས་ནས། ཕུན་ཚོགས་ཁང་སར་དུ་བཞུགས་གདན་འཇགས། མགོན་འདིས་གཉུག་མར་གནས་པའི་དགེ་འདུན་གྱིས་མཚོན།