[A:༥༣༥] ཕྱོགས་དང་ཕྱོགས་མཚམས་ནས་འོངས་པའི་ཆོས་དོན་གཉེར་བ་དག་ལ་དབང་ལུང་ཁྲིད་གསུམ་སོགས་སོ་སོའི་འདོད་པ་ཚུལ་བཞིན་སྐོང་ཞིང༌། ཐོས་བསམ་སྒོམ་གསུམ་གྱིས་དུས་འདའ་བའི་ངང་དུ་བཞུགས་ཤིང༌། མདོ་ཁམས་གླིང་དཔོན་གྱི་མཆོད་གནས་སུ་དབོན་རིན་པོ་ཆེ་ངག་དབང་ཆོས་སྐྱོང་བཟང་པོ་བཞུགས་པ་འབྲུག་ལོར་ཡར་འཕྲལ་དུ་ཕེབས་ན་ལེགས་ཚུལ་དང༌། འདིར་ལོར་གླེབ་པར་མ་གྱུར་ཚེ་བདག་བགྲང་བྱ་མང་ཞིང་ལུས་བབ་ལྕི་བ་བཅས་རྟག་མིན་ཇི་ལྟར་འགྱུར་ཚོད་མེད་གསུངས་པའི་ཞུ་ཡིག་བརྫངས། བླ་མ་བསྟན་པ་རྒྱལ་མཚན་སོགས་ལའང་ཞབས་དྲུང་འདི་ལོར་ཕེབས་ན་དང༌། མ་ཕེབས་ན་མི་མཇལ་བར་གདའ་གསུངས་དེ་མཚུངས་ངེད་ཀྱང་སྡེ་དགེར་ཡོད་སྐབས་ཡིན་པའི་འདི་ལོ་ཞབས་དྲུང་དབུས་སུ་ཆིབས་བསྒྱུར་མ་གནང་ཚེ་ཁུ་བོ་མཁན་ཆེན་ཞབས་པད་རིང་པོར་བརྟེན་པའི་ངོ་མ་ཤར་བས་འཕྲལ་ཕེབས་ལེགས་ཚུལ་སོགས་ཀྱིས་བསྐུལ་བར་བརྟེན། འཕྲན་ས་འབྲུག་ཟླ་༧ ཚེས་༡༠ ལ་ཁམས་ནས་ཞབས་དྲུང་ཀྱང་འདིར་ཕེབས། དམ་པ་དེ་ཉིད་ཤིན་ཏུ་དགེས་པར་མཛད། ལོ་དེའི་ཟླ་༡༡ཚེས་༢༥ལ་ས་སྐྱོང་སྡེ་དགེ་བླ་མ་བློ་གྲོས་རྒྱ་མཚོ་མིང་ལྕམ་ཀྱང་ཕེབས། ཚེས་༢༦ ཉིན་སྦྱིན་བདག་ཆེན་པོ་སྐུ་འཁོར་བཅས་ལ་ཚེ་དབང་གྲུབ་རྒྱལ་མ་ཞིག་གནང༌། ལྕམ་སྲིང་ག་ལའང་སྤོ་འབོར་བའི་ཞིང་ཐོག་ཏུ་ཚེ་དབང་ཞིག་བཀའ་དྲིན་སྐྱོང༌། དེ་ལོའི་ཁམས་མངའ་རིས་ཀྱི་གྲྭ་རྒྱུན་སོགས་ལ་མཇལ་ཁ་ཞིབ་པ་མཛད། དགུང་ལོ་རེ་གཅིག་པ་ས་སྦྲུལ་ཤར་ནས་སྐུ་ཁམས་ཅུང་ཟད་བསྙེལ་བའི་ཚུལ་བསྟན་པར་ཞབས་