[A:༥༣༦]བརྟན་སོགས་གང་ཟབ་དང༌། འཚོ་བྱེད་ཞལ་དཀར་སོགས་ལས་གསོལ་སྨན་འདྲ་བཞེས་ཀྱང༌། ཕན་སྐྱེད་ཆེར་མ་བྱུང་ཞིང༌། དམ་པ་ཉིད་ཀྱི་ཞལ་ནས་སྐུ་ཚེའི་སྟོད་ལ་བསྟན་དོན་དང་འགྲོ་དོན་འདྲ་ཅུང་ཟད་རེ་བྱུང༌། ད་ཆ་ན་ཚོད་སྨིན་ཅིང་ལྷག་པར་སྐུ་ཡི་བབ་ལྕི་བས་ལུགས་གཉིས་ཀྱི་ཤོགས་ཐོན་པ་དཀའ་འདུག་པ་མ་ཟད། མ་ཎི་འཁོར་ལོ་བཞེང་དགོས་བསམས་པ་སྔོན་དུ་མ་གྲུབ། གཞན་བློའི་ལྷག་མ་ལུས་རྒྱུ་ཅུང་ཟད་ཀྱང་མེད། མ་ཎི་འཁོར་ལོ་རྗེས་སུ་བཞེངས་ཤིག་གསུངས། སྐུ་དབོན་ནས་ཉིད་ཀྱི་ཞབས་འབྲིང་བ་རེ་གཉིས་ནས་སྐུ་ཆས་ཤིན་ཏུ་ཆུད་ཟོས་ཆེར་འདུག་པས་འདི་རིགས་ཧ་ཅང་བག་ཡངས་གནང་ན་མི་འོང་བས། རྩད་བཅད་ཅུང་ཙམ་བྱས་ན་ཞུས་པར་ངོར་གྱི་ཟླ་བོ་ཚུལ་ཁྲིམས་བསྟན་པ་བཙོས་སྐྱ་སེར་ཕལ་ཆེར་སྐུ་ཚེ་སྔོན་མའི་ལེན་ཆགས་འདེད་པ་འདྲ་ཞིག་འདུག་པས་གང་མོས་ལ་ཞོག་ཅེས་གསུངས། གཞན་ལུགས་གཉིས་ཀྱི་བྱེད་སྒོ་སོགས་ཕལ་ཆེར་ཡང་ཡང་ཞལ་ཆེམས་སུ་སྩལ་ཞིང༌། སྐུ་རིམ་དྲུག་ཅུའི་གཏོར་རྒྱེབ་ལ་གཏོར་ལྟས་ལེགས་པོ་བྱུང་ཚུལ་ཞུས་པ་ལའང༌། དེ་རང་དྲག་ཁྱོད་རང་རྗེས་འཇུག་རྣམས་ལ་ཕན་ཞེས་གསུང༌། ངོར་གྱི་མདུན་རི་སྤང་པོ་རི་ཡི་ངོས་ལ་གྲོག་ཤུར་སྡིགས་པ་རྭ་ཅན་གྱི་གཟུགས་འདྲ་བ་ཞིག་བྱུང་བས་འདི་ང་ལ་ལྟ་བ་འདྲ་གསུངས། གཙུག་ལག་ཏུ་མང་ཇ་སོགས་ཆེད་དུ་དམིགས་པ་སྐུ་རིམ་ཟབ་པར་གནང༌། ཟླ་གཉིས་པའི་ཟླ་ཕྱེད་ནས་ཉིན་རེ་བཞིན་གཞའ་སྤྲིན་སྣ་ཚོགས་དགོན་པའི་སྟེང་དུ་བྱུང༌། ལྷག་པར་ཚེས་ཉེར་ལྔ་ནས་གཞའ་སྤྲིན་ཁ་དོག་སྣ་ཚོགས་འཁྲིགས་ཤིང་སྣུམ་ཆགས་པ་དང༌། སྐུ་ཁམས་ཀྱང་ཉོག་པས་ཡོན་ཆབ་