R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༣༨
[A:༥༣༨]ཞུས། མེ་ཤི་ནས་གདུང་རུས་ལག་ལེན་ལྟར་བསྒྲུབས་ནས་གདུང་ཚ་མང་བར་བཏབ། འདུས་ཚོགས་སུ་ཞལ་ཆེམས་ལྟར་ཀུན་རིག་སྒྲུབ་མཆོད་ཉིན་བདུན་བཙུགས། བདུན་མཚམས་ལ་ཆོ་ག་བཏང་མི་སོགས་དགོངས་པ་རྫོགས་ཐབས་གང་གྲུབ། དུས་ཐང་ཐོག་ཚད་མ་གསར་རིས་དང༌། སྐུ་བརྙན་སྨན་འདམ་ལས་གྲུབ་པ་གཉིས་བཞེངས། ཚོན་གསོལ་ནས་ཉི་མ་ལ་སྐམས་པས་སྐུ་བརྙན་ལ་འཇའ་འཚོན་གསལ་པོར་ཤར་བའི་ཡ་མཚན་ཆེ་བ་བྱུང༌། བཀྲ་ཤིས་ལྷུན་པོ་སོགས་ལ་དགོངས་རྫོགས་དང༌། ལོ་མཆོད་ལ་མ་ཎི་འཁོར་ལོ་བཞེངས་རྒྱུ་སོགས་དམ་པ་དེ་ཉིད་ཀྱི་དགོངས་རྫོགས་གང་གྲུབ་ཞུས།། །།བདག་ཅག་གི་འདྲེན་པ་དམ་པ་མཚུངས་བྲལ་རྡོ་རྗེ་འཛིན་པ་ཀུན་གྱི་གཙུག་རྒྱན་འཇམ་མགོན་བཀྲ་ཤིས་ལྷུན་གྲུབ་ནི། འཁྲུངས་ཡུལ་རང་ཞབས་མདོ་མཁར་ཞེས་པ་ཀུན་མཁྱེན་གོ་རམ་པ་ཆེན་པོའི་གདན་ས་བྱང་ཆུབ་ཆོས་རྫོང་གི་ཉེ་འདབས་སུ། རུས་གཞུང་ཆོས་རྒྱལ་གཙང་རིང་པ་ལས་ཆད་པ་དགེ་བ་ལ་གཅིག་ཏུ་དཀར་བ། ཡབ་རབ་བརྟན་ལགས་ཞེས་པ་དང༌། ཡུམ་ནི་སློབ་དཔོན་རིན་པོ་ཆེའི་རྗེ་འབངས་ཉེར་ལྔ་ལས་དྲན་པ་ནམ་མཁའ་ཞེས་གྲགས་པ་སོགས། རྙིང་བོན་གྱི་གྲུབ་ཐོབ་མང་དུ་བྱུང་བའི་རིགས། གཡུང་དྲུང་བུ་ཁྲིད་ཞེས་པ་གཉིས་ཀྱི་སྲས་སུ། བི་རོ་དྷ་ཀྲིཏ་ཞེས་པ་ལྕགས་ཕག་ལ་ཡུམ་གྱི་ལྷུམས་སུ་ཞུགས་ནས། ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོར། ཡུམ་ལ་བདེ་བ་དང་བཅས་སྐུ་བལྟམས། ཆུང་ངུ་ནས་བྱིས་པའི་སྤྱོད་པ་མི་མངའ་ཞིང་རྩེད་མོའི་སྐབས་སུའང་ཆོས་འཆད་པ། གླེགས་བམ་འབྲི་ཀློག་དགོན་པ་རྩིག་པ་སོགས་ཀྱི་