R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༥༢
[A:༥༥༢]བྱ་བཟང་པོ་ཨེ་ཝྃ་བླ་བྲང་གདན་ས་གནང་སྐབས། ཆབ་ཚན་ལ་ཆིབས་སྒྱུར་གནང་བ་དང་ཞལ་མཇལ་ཏེ་ཕྱག་དབང་དང་བྱིན་རླབས་སྨོན་ལམ་རྒྱ་ཆེར་སྩལ། སྐུ་ན་ཆུང་ངུ་ནས་སྔོན་གོམས་བག་ཆགས་བཟང་པ་སད་པས་ཆོས་ལ་འདུན་ཞིང༌། བཙུན་པ་ཞིག་ལ་སྐོམ་པ་ཆུ་འདོད་ལྟར་གདུངས་ཀྱང་ཡབ་ཡུམ་ནས་ལོ་བཅུ་གསུམ་ལ་ཁུ་བོ་རྣམས་ཆོས་ལ་ཕེབས་པའི་འཕྲོད་ལམ་ཡིན་ཟེར་ནས་མ་གནང༌། བཅུ་གཉིས་ཀྱི་བར་ཁྱིམ་དུ་བཞུགས་དགུང་ལོ་བཅུ་གསུམ་པ་ས་ཕོ་བྱི་ལོ་ཧོར་ཟླ་ལྔ་པའི་ཚེས་ལྔ་གཟའ་སྐར་འཕྲོད་སྦྱོར་ལེགས་འཛོམ་གྱི་ཉིན་ཨེ་ཝྃ་ཆོས་ལྡན་དུ་ཕེབས། དགོན་པ་གཟིགས་པ་ཙམ་གྱིས་བཅོས་མིན་གྱི་དད་པ་ཐུགས་རྒྱུད་ལས་འཁྲུངས་པས་ཕྱག་མང་དུ་ཕུལ་ནས་དགོན་ནང་དུ་ཕེབས། དེ་སྐབས་སུ་ཞྭ་ལུ་མཁན་ཆེན་ཤེས་རབ་རྒྱ་མཚོ་དང༌། ཤེས་བྱ་བཟང་པོ་རྣམ་གཉིས་ནི་ཞིང་དུ་གཤེགས། གཞན་ལེགས་སྟོན་ཉེས་སྤང་སློབ་པའི་གཤེས་གཉེན་རེ་ཞིག་བར་མ་བྱུང་ཡང༌། དམ་པ་འདི་ཉིད་སྔོན་གོམས་ཀྱི་ལས་འཕྲོ་སད་པས་ཆོས་རྣམས་རང་གྲོལ་དུ་མཁྱེན་པར་འགྱུར་མོད། འོན་ཀྱང་མཁས་བཙུན་རྡོ་རྗེ་བསྟན་འཛིན་སོགས་བཤེས་གཉེན་འགའ་ཞིག་བསྟེན་ཚུལ་གྱི་ཡིག་ཀློག་ནས་བརྩམས་ཏེ་འདོན་སྒྲིག་ཀུན་སྤྱོད་ཐེག་པ་ཆེ་ཆུང་གི་གཞུང་ལུགས་ལག་ལེན་ཕྲ་མོ་ཚུན་སྔ་ཕྱིར་ཅི་རིགས་པ་བསླབ་སྦྱངས་གནང་བའི་ཚུལ་བསྟན་པས་མཁས་པ་ཆེན་པོར་གྱུར་ཏོ། །དགུང་ལོ་བཅུ་བཞི་པ་མེ་གླང་ལོར་བྱམས་པ་ཚུལ་ཁྲིམས་དཔལ་བཟང་པོས་མཁན་པོ་དང༌། མཚུངས་མེད་བསོད་ནམས་དཔལ་ལྡན་ལས་སློབ། གསང་ཏེ་སྟོན་པ་བསྟན་