[A:༥༥༣]འཛིན་ལྷུན་གྲུབ་དཔལ་བཟང་པོ། དུས་བགོ་བཤེས་གཉེན་རྡོ་རྗེ་བསྟན་འཛིན་བཅས་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་ཏུ་བྱུང་སྟེ་མཚན་ནམ་མཁའ་བསམ་འགྲུབ་དཔལ་བཟང་པོར་གསོལ། ལོ་རེ་ཞིག་གི་བར་ཨེ་ཝྃ་པའི་ཚོགས་འདོན་ཆོས་སྤྱོད་ཆོ་ག་རྣམས་དང༌། བྲིས་ཐིག་དབྱངས་རོལ་སོགས་སློབ་གཉེར་གནང་ཞིང་གཙུག་ལག་ཁང་དུ་སྒྲིག་རྒྱུག་ཀྱང་མཛད། དགུང་ལོ་བཅུ་དགུ་པར་ཤར་ཆེན་བློ་གྲོས་གྲགས་པས་མཁན་པོ། མཚུངས་མེད་བསྟན་འཛིན་ལྷུན་གྲུབ་པས་ལས་སློབ། སླེ་ལུང་མཁན་ཆེན་རྡོ་རྗེ་བརྟན་པས་གསངས་ཏེ་སྟོན་པ། བྱམས་པ་བསོད་ནམས་བཟང་པོས་དུས་བགོ་བ་སྟེ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་ཤིང༌། བསླབ་གསུམ་ཁྲིམས་ཀྱིས་མཛེས་པའི་བསྟན་པའི་རྒྱལ་མཚན་དུ་གྱུར་ཏོ། །ཁྱད་པར་རྡོ་རྗེ་འཆང་བསོད་ནམས་དཔལ་ལྡན་པའི་དྲུང་དུ། རྣལ་འབྱོར་དབང་ཕྱུག་བིརྺ་པའི་བཞེད་སྲོལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁྲིད། རྒྱུ་ལམ་གྱི་དབང༌། བྱིན་རླབས་རྒྱབ་ཆོས་ལུང་ཕལ་ཆེར་ཡོངས་རྫོགས་བཅས་ཤིན་ཏུ་ཟབ་རྒྱས་དང༌། སྒྲུབ་ཐབས་བརྒྱ་རྩ། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་སོགས་དབང་ལུང་མན་ངག་མང་དུ་གསན། གཞན་ཡང་ཁྱབ་བདག་བླ་མ་བསྟན་འཛིན་ལྷུན་གྲུབ་དཔལ་བཟང་པོ། མཁན་ཆེན་བསོད་ནམས་བཟང་པོ། སྤྲོ་ལུང་བསོད་ནམས་ཆོས་འཕེལ། སྦས་པའི་རྣལ་འབྱོར་རྒྱ་རོང་པ་སངས་རྒྱས་བསྟན་པ་སོགས་དམ་པ་མང་པོ་བསྟེན་ནས་དམ་པའི་ཆོས་མང་པོ་གསན་པའི་ཚུལ་ནི་