[A:༥༥༡]མ། གཙུག་ལག་ཁང་དུ་དུས་ཐང་ཆེ་ལེགས་བཞེངས་པ། དུས་ཇའི་རྟེན་སོགས་རྗེ་ཉིད་ཀྱི་སྐུ་ཆས་རྣམས་ཕལ་ཆེར་བླ་བྲང་རང་དུ་སྦྱར་བ་དང༌། བདག་དཔལ་ཆོས་ནས་ཀྱང་དངུལ་རྟ་རྨིག་མ་རྡོ་ཚད་གཉིས་དང༌། ཇ་འཁོར་དྲུག་བརྒྱ་ཐམ་པར་སྦྱོར་འཇགས་ཞུས་ཤིང༌། གདན་སར་ཐར་པ་རྩེ་མཚུངས་མེད་ནམ་མཁའ་བསམ་འགྲུབ་པ་སྤྱན་དྲངས་ཏེ། རྩིས་འབུལ་ཡང་དག་པར་ཞུས་པ་སོགས་ཐུགས་ཀྱི་དགོས་པ་ཡོངས་སུ་རྫོགས་པའི་ཐབས་མཆོག་བླ་ན་མེད་པར་བསྒྲུབས་པས་ཞིང་འདིའི་མཛད་པ་རེ་ཞིག་མཐར་ཕྱིན་པ་ཉིད་དོ།། །།བདག་སོགས་འགྲོ་བ་རྣམས་ཀྱི་སྐྱབས་མགོན་བྱམས་པ་ནམ་མཁའ་བསམ་འགྲུབ་དཔལ་བཟང་པོའམ། མཚན་གཞན་ཀུན་དགའ་མཚན་དཔེས་རྒྱལ་མཚན་དུ་གྲགས་པ་འདི་ཉིད་ནི། ཞབས་དྲུང་ནམ་མཁའ་སངས་རྒྱས། ནམ་མཁའ་རིན་ཆེན། ཞྭ་ལུ་མཁན་ཆེན་ཤེས་རབ་རྒྱ་མཚོ་སོགས་སྐྱེས་ཆེན་དུ་མའི་འཁྲུངས་ཡུལ་ཤབ་སྟོད་རྗེ་ལུང་ཞེས་པར། ཡབ་བྲང་ཏི་པའི་དབོན་རིགས་ལས་གྱེས་པ་འཇམ་དབྱངས་ཤེས་བྱ་བཟང་པོའི་སྐུ་མཆེད་རྒྱལ་པོ་ལགས་ཞེས་པའི་སྲས་དབོན་པོ་གཡང་འཛོམ་དུ་གྲགས་པ་དང༌། ཡུམ་རྒྱལ་མཁར་རྩེ་པ་ཆོས་རྒྱལ་རབ་བརྟན་ཀུན་བཟང་གི་རིགས་རྒྱུད་ཞལ་དཀར་མས་སངས་སུ་གྲགས་པའི་སྲས་མོ་དབོན་ས་ཚེ་བཀྲས་ཤེས་གཉིས་ཀྱི་སྲས་སུ། འཛིན་བྱེད་ཅེས་པ་མེ་ཕོ་བྱི་བའི་ལོ་སྟོད་དུ་རེས་གཟའ་ལྷའི་བླ་མས་སྐར་མ་སྨིན་དྲུག་ལ་སྤྱོད་པའི་དུས་ཚེས་བཟང་པོར་སྐུ་འཁྲུངས། མཚན་པདྨ་ཞེས་གསོལ་ནས་ཡབ་ཡུམ་གྱིས་བསྐྱེད་བསྲིངས་ཏེ། དགུང་ལོ་བཞི་ཙམ་དུ་ཕེབས་དུས་ཁུ་བོ་ཤེས་