[A:༥༥༥]སྒོ་ནས་འཛིན་སྐྱོང་དང་བཤད་སྒྲུབ་སྤེལ་མས་མཛད་ཕྲིན་བཟང་པོ་གོང་འཕེལ་དུ་བཞུགས་སྐབས། ས་མོ་བྱ་ལོར་ཁྲི་ཐོག་པ་མཁན་ཆེན་ཚུལ་ཁྲིམས་ལྷུན་གྲུབ་ཞིང་ལ་ཕེབས་ཏེ། བླ་བྲང་ཁག་དང་གྲྭ་ཚང་རྣམས་ཀྱིས་གསོལ་བ་ནན་ཆེར་བཏབ་ཅིང༌། གཙོ་ཆེར་ས་སྐྱོང་མི་དབང་ཆེན་པོ་གདན་ས་གོང་སོགས་ཀྱི་བཀའ་ཕེབས་པ་དང་བཅས། བསྟན་དོན་ཐུགས་ལ་བཅངས་པའི་སྒོ་ནས་ལྕགས་ཕོ་ཁྱི་ལོ་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔའི་ཉིན། རྡོ་རྗེ་འཆང་ཆེན་པོའི་ཆོས་ཀྱི་ཁྲི་ག་ལ་བ་དེར་མངའ་གསོལ་ཞིང་གོང་ས་ཡན་ཕྱིན་ཀྱི་སྐུ་ཚབ་རྣམས་དང་བླ་བྲང་ཁག་འདུས་ཚོགས་བཅས་ཀུན་གྱིས་བཀྲ་ཤིས་དགའ་སྟོན་རྒྱ་ཆེན་པོ་ཕུལ། རིམ་གྱིས་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་ཁྲིད་སྨིན་རྒྱས་སྔ་ཕྱིར་ཚར་གསུམ། སོ་སོ་ཐར་པའི་སྡོམ་པ་དགེ་བསྙེན་དགེ་ཚུལ་དགེ་སློང་རིམ་ཅན་དུ་སྩལ་བ་བགྲང་ལས་འདས་པ་དང༌། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱང་དུ་མ་སྩལ་ཞིང་སྔོན་དུ་ཐར་རྩེར་བཞུགས་སྐབས་རྡོ་རྗེ་ཕྲེང་བའི་དབང་བསྐུར་ཚར་གཉིས་དང༌། ངན་སོང་སྦྱོང་རྒྱུད་བཅུ་གཉིས་ཀྱི་དབང་ལུང་གྲངས་དུ་མ། གཞན་ཡང་སྔ་ཕྱིར་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་མང་པོའི་དབང་བསྐུར་སྒྲུབ་ཐབས་བརྒྱ་རྩ་རྒྱ་མཚོ་སོགས་རྗེས་གནང་དཔག་མེད། གྲོལ་ལམ་ཁྲིད་མན་ངག་གི་གནད། ཐེག་པ་ཆེ་ཆུང་གི་ཕྱག་ཁྲིད་ལུང་སོགས་ཟབ་ཆོས་དཔག་ཏུ་མེད་པས་སྐལ་ལྡན་གྱི་གདུལ་བྱ་རྣམས་ཚིམ་པར་མཛད་ཅིང༌། དེའི་ཚེ་བསྟན་འཛིན་གྱི་སློབ་མ་ཡང་གཙོ་བོར་སྨོས་ན། གངས་ཅན་གྱི་མགོན་