[A:༥༥༤]གསན་ཡིག་ལོགས་སུ་ཤེས་པར་བྱའོ། །དེ་སྐབས་ཤིག་ན་མདོ་ཁམས་ཐང་སྐྱ་ཞེས་པར་མར་མེ་དུས་རྟེན་འབུལ་སྡུད་ལ་ཕེབས་དགོངས་ཡོད་ཀྱང༌། ཞབས་དྲུང་ནམ་མཁའ་རྒྱལ་མཚན་ཞི་བར་གཤེགས་པར་བརྟེན། ཕྱག་མཛོད་སྟོང་བཟང་བས་གཙོས་གྲྭ་ཚང་རྣམས་ཀྱིས་གསོལ་བ་བཏབ་ནས་ཐར་རྩེའི་གདན་སར་མངའ་གསོལ་ཏེ། རྗེ་ཉིད་ཀྱིས་ཁྱད་པར་དུ་འཕགས་པའི་མཛད་པས་གདན་ས་སྐྱོང་ཞིང་ཐོས་བསམ་ཀྱང་ཕུལ་དུ་བྱུང་བ་གནང་ནས། བསྒོམ་པས་ཉམས་སུ་མྱོང་བའི་ཚུལ་ནི། དུས་རྒྱུན་དུ་དཔལ་ཀྱེ་རྡོ་རྗེ། རྡོ་རྗེ་རྣལ་འབྱོར་མ། བིར་སྲུང༌། ལམ་ཟབ་ཕྱི་ནང༌། སྒྲོལ་དཀར། མགོན་དཀར། ཁྲོ་བཅུ་སོགས་ཡི་དམ་ཆོས་སྐྱོང་མང་པོའི་བསྐྱེད་རྫོགས་བཟླས་བསྒོམ་མཆོད་གཏོར་སོགས་ལ་བརྩོན་ཞིང༌། ཁྱད་པར་དགེས་རྡོར་བཞི་ཡི་བསྙེན་པ། ཀུན་རིག །འཇིགས་བྱེད། སྒྲོལ་དཀར། ཚེ་དཔག་མེད། གུར་གྱི་མགོན་པོ་སོགས་ཡི་དམ་ཆོས་སྐྱོང་དུ་མའི་བསྙེན་སྒྲུབ་བཅུ་ཆའི་སྦྱིན་སྲེག་བཅས་མཐར་ཕྱིན་པར་སོགས་བཤད་སྒྲུབ་ཁོ་ནས་དུས་འདའ་བར་མཛད་དེ། བར་སྐབས་སུ་གདན་ས་ཆེན་པོ་སོགས་གཙང་དབུས་ཀྱི་གནས་གཟིགས་ཕལ་ཆེར་དང་མཆོད་འབུལ་སྨོན་ལམ་སོགས་རྒྱ་ཆེར་མཛད་ཅིང་སྤྲོ་ལུང་དུ་མང་ཐོས་བསོད་ནམས་ཆོས་འཕེལ་མཇལ་དུ་ཕེབས་པའི་ཚེ། རྗེ་དེ་ཉིད་གཟིམས་ཁང་གི་སྒོར་སྤོས་སྣ་མཇལ་དར་བཅས་བསུ་བ་དང་བཀུར་སྟི་དཔག་མེད་མཛད། ཚེ་དབང་ཞིག་ཞུས་པས་ཚེ་བུམ་ལ་བདུད་རྩི་བབས་པ་སོགས་སྐུ་ཚེ་དང་བསོད་ནམས་རྒྱས་པའི་རྟེན་འབྲེལ་ཤིན་ཏུ་ལེགས་པར་བྱུང་ངོ༌། །སླར་གནས་ས་ཐར་པ་རྩེར་ཕེབས་ཏེ་ལུགས་གཉིས་ཀྱི་