[A:༥༥༨]དགེས་རྡོར་གྱི་ལྗགས་བསྙེན་གྲོལ་བ་དང་འགྲིགས་པས་ཐུགས་དགེས་པར་མཛད། བླ་མ་ཡི་དམ་དབྱེར་མེད་དུ་སྒྲུབ་པ་འདི་འགྲུབ་པར་རང་ཡིན་རྟེན་འབྲེལ་ཤིན་ཏུ་ལེགས་གསུང༌། རིག་འཛིན་ཕོ་བྲང་དུ་སྐུ་ཚེ་ཚེ་སྒྲུབ་ཀྱི་བཅད་རྒྱ་ཟླ་བ་གསུམ་ལྷག་ཙམ་གནང༌། མཚམས་བར་རྣམས་སུ་གོང་མ་སྐུ་མཆེད་ལ། གདུགས་དཀར་གྱི་རྗེས་གནང་དང་བྱད་འགྲོལ་སོགས་དབང་ལུང་འགའ་ཞིག་ཕུལ་བ་རྣམས་གསང་བ་ལྟར་མཛད། སླར་ཡང་ཨེ་ཝྃ་དུ་ཕེབས། ཆུ་བྱ་ལོར་ས་སྐྱ་བདག་མོ་ཕེབས་པའི་ལེགས་འབུལ་སོགས་གང་སྤྱིར་ས་སྐྱ་ལ་ཅིས་ཀྱང་འགྲོ་དགོས་གསུངས་ས་སྐྱར་ཕེབས་ཏེ། མཇལ་འཕྲད་གསུང་མོལ་ཤིན་ཏུ་ཐུགས་ཡིད་ཚིམ་པར་མཛད། རྟེན་འགངས་ཆེ་བ་རྣམས་ལ་གསེར་ཆབ། བརྒྱ་མཆོད་རྒྱས་པར་ཕུལ། བསྟན་པ་རྒྱས་པའི་སྨོན་ལམ་ཡང་དག་པར་གནང༌། སྒོ་རུམ་གྱི་གཙོས་མགོན་ཁང་སོ་སོར་ཕེབས་ཏེ། བསྐང་གསོ་ཕྲིན་བཅོལ་རྒྱས་པར་མཛད། གོང་མའི་ཞབས་བརྟན་ཚེ་སྒྲུབ། བྲག་རྫོང་མའི་སྲུང་བཟློག་སོགས་བཅད་རྒྱར་རིག་འཛིན་ཕོ་བྲང་དུ་ཟླ་བ་དགུའི་བར་ལ་བཞུགས། དེ་སྐབས་ནས་སྐུ་ཁྲག་དང་སྐུ་བད་ལ་བརྟེན་པའི་སྤྱན་གཉིས་འགྲིབ་ཚབས་ཆེ་ཞིང་སྐུ་གཟུགས་འང་བབ་ལྕི་བ་བཅས་ཡང་ཡང་བགྲོད་དཀའ་བའི་ད་འཆི་བ་ནམ་བྱུང་གི་བར་སྒྲུབ་པ་དང་ཁ་ཏོན་ཁོ་ནར་དབེན་པ་འདི་སྐོར་ཞིག་ལ་བཞུགས་དགོས་གསུངས་ཀྱང༌། ངོར་ནས་སྐུ་དབོན་རྣམས་ཀྱིས་ཕེབས་བསྐུལ་ནན་ཆེར་ཕུལ་བར་གསན་ཏེ་ཕེབས་པའི་ཞལ་བཞེས་