R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༥༧
[A:༥༥༧]ཏེ། ཐར་རྩེར་ཟུར་བཞུགས་མཛད་པའི་ཕེབས་འཕྲལ་རྒྱལ་བའི་བཀའ་བསྟན་བཅོས་འགྱུར་རོ་འཚལ་ཚང་མ་ཕྱག་ཏུ་འབྱོར་བ་སོགས་སྐུ་བསོད་རྨད་དུ་བྱུང་ཞིང་གླེགས་ཤིང་གདོང་དར་བཞུགས་ཁང་ཀུན་དགའ་ར་བ་སོགས་ཁྱད་དུ་འཕགས་པའི་བཀུར་སྟི་བཅས་མདོར་ན་མཛད་པ་དང་འཕྲིན་ལས་བཟང་པོ་བསྟན་འགྲོའི་དོན་ལ་གཡེལ་མེད་དུ་ཡུན་རིང་བཞུགས་པ་མཛད་ཅིང་སྐུ་ཚེའི་སྨད་མྱ་ངན་ལས་མ་འདའི་གོང་ལོ་བཞི་ལྔ་ཙམ་ནས་མཆོག་དམན་གང་ལའང་རྟག་པ་མི་འདུག་ཅིང༌། དུས་སྙིགས་མར་སོང་བའི་ཆོས་དང་འཇིག་རྟེན་གྱི་བྱ་བྱེད་སོགས་དང༌། ཉེ་བར་གདན་ས་འདི་སྐོར་གྱི་སྒྲིག་ལམ་ཀུན་སྤྱོད་ཐམས་ཅད་འགྱུར་ཞིང་སྔར་ཤུལ་མི་གནས་པ་དང༌། དགེ་འདུན་རྣམས་ཀྱང་ཐུགས་སྤྱོད་འཚུབས་ལ། དམ་ཚིག་གཅེས་སྤྲས་ཆུང་བ་འདི་རྣམས་སེམས་སྐྱོ་ཤས་ཤིན་ཏུ་ཆེ་བར་འདུག་གསུངས། སྐུ་དབོན་བགྲེས་གཞོན་གཉིས་དང་རྗེས་སློབ་རྣམས་ལ་ཞལ་ཆེམས་ལྟ་བུའི་གསུང་རིགས་ཁོ་ནར་མཛད་ཅིང༌། ཆོས་དང་འཇིག་རྟེན་གྱི་བྱ་བཞག་དང༌། ཐེ་ཚོམ་གཅོད་དགོས་རིགས་ང་ལ་དྲིས་དང་སྐྱོན་མེད་གསུངས་ཤིང༌། སྐབས་འགར་ས་སྐྱའི་གདུང་བརྒྱུད་སྐུ་མཆེད་འདི་རྣམས་ལ་ལམ་འབྲས་སོགས་དབང་ལུང་འགའ་ཞིག་ད་དུང་དབུལ་དགོས་བཀའ་ཡང་ཡང་ཕེབས་རུང་བགྲང་བྱའི་སྟབས་དགོངས་བཞེད་ལྟར་འབུལ་མི་ཐུབ་འདུག་པའི་སེམས་ལས་ཆེ། གང་ལྟར་ས་སྐྱར་མཇལ་ཕྱག་ལ་མ་བཅར་ན་ཐབས་མི་འདུག་གསུང་ཞིང༌། ལྕགས་ལུག་ཟླ་ཚེས་ལ་ས་སྐྱར་ཕེབས། གོང་མ་རིན་པོ་ཆེ་བདག་ཆེན་