[A:༥༦༢]ལ་ཡེ་ཤེས་གཟིགས་པའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག། །།བདག་དགེ་སྦྱོང་དཔལ་ལྡན་ཆོས་སྐྱོང་ནི། ཐོག་མེད་དུས་ནས་ལས་འབྲས་ས་བོན་དཀར་ནག་ཁྲ་གསུམ་སྤེལ་མ་ཞིག་གི་མཐུས། སྐྱེ་ཡུལ་ངོར་ཨེ་ཝྃ་གྱི་བྱ་འདབས་སུ། ཇ་དཔོན་ཟུར་ཁང་པའི་ཁྱིམ་དུ། རིགས་རུས་སོགས་ཀྱི་རྒྱུ་མཚན་བཤད་པའི་ལྕེ་ཐུང་ངུར་སོང་པ། ཕ་ཀུན་དགའ་རྡོ་རྗེ་དང༌། མ་དཔལ་བུ་ཁྲིད་གཉིས་ཀྱི་བུར་ཆུ་ཕོ་རྟ་ལོར་སྐྱེས། མིང་རྡོ་རྗེ་ཕུན་ཚོགས་སུ་བཏགས་འདུག །བྱིས་པའི་སྐབས་ཀྱི་སྤྱོད་པ་བཟང་ངན་སྣ་ཚོགས་ཞིག་ཡོད་འདྲ་བའི། ལ་ལས་བཟང་པོ་བྱེད་ཟེར། ལ་ལས་ངན་པ་བྱེད་ཟེར་སྐད་འདུག །ལོ་ལྔ་ལོན་སྐབས་ཁུ་བོ་བླ་མ་མཚུངས་མེད་བསྟན་འཛིན་ལྷུན་གྲུབ་དཔལ་བཟང་པོའི་སྐུ་དྲུང་དུ་ཀླུ་སྡིངས་སུ་སྡོད་པ་སོགས་དགོན་པ་རང་ལ་མོས། བདུན་ལོན་སྐབས་གཟིམས་ཁང་འོག་ཏུ་ཁུ་བོ་བླ་མ་སྦོས་ནས་བཞུགས་སྐབས་སུ། གཙུག་ཕུད་ཕུལ་བའི་མིང་དཔལ་ལྡན་ཆོས་སྐྱོང་དུ་བཏགས་ཤིང་རྟེན་འབྲེལ་ལེགས་པར་བྱུང་གསུངས། བྱིས་པ་འཇུག་པའི་སྒོ་ནས་ཆོས་སྤྱོད་རིམ་པར་སློབ་པ་མཛད། ལོ་དེར་མཁན་པོ་བྱམས་པ་ཚུལ་ཁྲིམས་དཔལ་བཟང་དང༌། མཚུངས་མེད་བསོད་ནམས་དཔལ་ལྡན་ལས་སློབ། གནས་བརྟན་འདུལ་བ་འཛིན་པ་བསྟན་འཛིན་ལྷུན་གྲུབ་དཔལ་བཟང་པོ་བཅས། དགེ་འདུན་གྲངས་ཚང་བའི་དབུས་སུ་དགེ་ཚུལ་གྱི་སྡོམ་པ་ནོས། མངར་གསུམ་གྱི་དགའ་སྟོན་བཅས་གནང༌། ཤ་ཆང་གི་སྲེད་ཞེན་སྤང་ཞིང་སློབ་གཉེར་ལ་བརྩོན་པ་གྱིས་གསུངས། དམ་པ་དེ་ཉིད་