R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༠༠
[A:༥༠༠]པས་དེས་འབྲི་གཅིག་དང་གསེར་ཕུལ་བས་གྲུབ་ཐོབ་ཀྱིས་བདག་འཛིན་མ་གནང༌། རྗེ་འདི་ཉིད་ཀྱི་སྦྱིན་བདག་གིས་འབྲི་དེ་མི་གཞན་ཞིག་དང་བོང་བུ་དང་བརྗེས་ནས། གྲུབ་ཐོབ་ལ་གྲྭ་སར་ཁྲིད་པའི་མགོ་འདྲེན་ཞུས་པས། ཐུགས་མཉེས་ནས་ངོར་དུ་སྐྱེལ་བར་ཞལ་གྱི་བཞེས་སོ། །དེའི་ཚེ་ཡུམ་ནི་བུ་དང་འབྲལ་བའི་མྱ་ངན་གྱིས་ནོན་པར་གྱུར་ཀྱང་ཆོས་ལ་འགྲོ་བར་གནང་ཞིང༌། ཞང་པོས་ཨེ་ཝཾ་ཐར་རྩེར་སྦྱོར་གཏོད་ཀྱི་ཞུ་ཡིག་མཛད་དེ། བོང་བུ་དེ་ལ་ཆོས་བརྒྱགས་བཀལ་ནས་གྲུབ་ཐོབ་དཔོན་སློབ་འཁོར་བཅས་རིམ་པར་བྱོན་ཏེ། གདན་ས་ཆེན་པོས་གཙོས་བླ་མ་དང་གནས་ཆེན་རྣམས་མཇལ། ལམ་བར་རྣམས་སུའང་ཆོས་འབྱུང་དང་རྣམ་ཐར་གྱི་རིགས་སོགས་ལ་ཉན་བཤད་ཁོ་ན་མཛད་ཅིང་བྱོན་པས་ལོ་དེའི་ཧོར་ཟླ་བཅུ་པའི་ཚེས་བཅུའི་ཉིན་ཨེ་ཝཾ་ཆོས་ལྡན་དུ་ཐོག་མར་ཕེབས་སྐབས་བླ་བྲང་ནས་རྒྱུད་རྔ་རྡུང་བ་དང་ཐུག་པས་རྟེན་འབྲེལ་ཤིན་ཏུ་ལེགས་པར་གྱུར་ཏོ། །སྔ་ཕྱིར་ཡང་མཁས་བཙུན་དུ་མ་ལ་བསྟེན་ནས་མདོ་སྔགས་ཕལ་པོ་ཆེའི་ལག་ལེན་ཕྲ་མོ་ཚུན་ཆད་ལེགས་པར་བསླབས་ཤིང༌། སྒྲ་སྙན་ངག་སྡེབ་སྦྱོར། མངོན་བརྗོད་ཟློས་གར་སོགས་རིག་གནས་ཐ་དག་ལ་སྦྱངས་ཤིང་མཐར་ཕྱིན་པར་མཛད་པས་འགྲན་ཟླ་བྲལ་བའི་མཁས་པ་ཆེན་པོར་ཡོངས་ལ་གྲགས་པར་གྱུར་ཞིང༌། དེ་ནས་འཇམ་མགོན་དཔལ་མཆོག་རྒྱལ་མཚན་པས་མཁན་པོ་མཛད། འཇམ་དབྱངས་ནམ་མཁའ་དཔལ་བཟང་པས་ལས་སློབ་སྟེ། དགེ་འདུན་གྲངས་ཚང་པའི་དབུས་སུ་རབ་ཏུ་བྱུང་བ་དང་