[A:༥༠༡]བསྙེན་པར་རྫོགས་པར་མཛད་ཅིང༌། གཞན་ཡང་མཁན་སློབ་དེ་རྣམས་དང༌། ངག་དབང་བསོད་ནམས་རྒྱལ་མཚན། མཚུངས་མེད་དམ་ཆོས་བསམ་འགྲུབ་སོགས་མཁས་གྲུབ་མང་པོ་ལ་ཟབ་ཅིང་རྒྱ་ཆེ་བའི་དམ་པའི་ཆོས་གསན་པའི་ཚུལ་ནི་གསན་ཡིག་ཆེན་མོ་ལོགས་སུ་བཞུགས་པར་ཤེས་སོ། །ཁྱད་པར་ཡི་དམ་ཆོས་སྐྱོང་དུ་མའི་བསྙེན་སྒྲུབ་མཐར་ཕྱིན་པར་མཛད། བར་སྐབས་སུ་གཙང་དབུས་ཀུན་གྱི་གནས་གཟིགས་མཆོད་འབུལ་སོགས་གནང་བར་ཕེབས། ཉེར་ལྔ་པ་ཆུ་མོ་གླང་གི་ལོར་ཐར་པ་རྩེའི་བཀའ་ཕེབས་དང་ལན་གྱི་སྒོ་ནས། རྒ་སྟོད་གདོང་སྤྲད་བསམ་གླིང་སྒར་དུ་འབུལ་སྡུད་ལ་ཕེབས་ཏེ། བཤད་སྒྲུབ་སྤེལ་མས་ཕྲིན་ལས་རྒྱ་ཆེའི་སྒོ་ནས་འབུལ་སྐྱེལ་ལན་བཅུ་གཅིག་གནང་ཞིང་སྟག་ལོ་བར་བཞུགས། དེ་ནས་གདན་ས་ཤེས་བྱ་བཟང་པོ་ལ་ཕུལ་ནས་བསྙེན་སྒྲུབ་ཁོ་ན་ལ་ཆིག་སྒྲིལ་གནང་སྟེ་བཞུགས་པས། ལོ་དེར་ཨེ་ཝཾ་ནས་སྤྱན་འདྲེན་པའི་ཕོ་ཉ་དང་མཆོད་ཡོན་གྱི་བཀའ་ཤོག་ཕེབས་པར་བརྟེན། དེ་འཕྲལ་ཡར་བྱོན་ཏེ་རིམ་གྱིས་དབུས་སུ་ཕེབས། ལྷ་སར་མཆོད་ཡོན་མཇལ་ཁ་དང༌། ཐོན་འཇགས་སོགས་ལེགས་པར་གྲུབ་ནས་རིམ་པར་བྱོན་ཏེ། ངོར་གྱི་ལ་ཆུང་ཁར་ཕེབས་པ་དང་ཚོགས་དུང་གི་སྒྲ་སྒྲོགས་པ་དང་དུས་མཉམ་པ་སོགས་རྟེན་འབྲེལ་དཔག་མེད་དུ་འགྲིགས། ལོ་དེའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ལ་རྡོ་རྗེ་འཆང་ཆེན་པོའི་ཆོས་ཁྲིར་བྱོན་ནས། གསུང་ངག་ལམ་འབྲས་སོགས་