R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༦༥
[A:༥༦༥]ཀྱི་ཐུགས་དྲིན་དང༌། རང་ཉིད་ལའང་སྔོན་ལས་འཕྲལ་རྐྱེན་ཇི་ལྟར་ཞིག་གི་སྟོབས་བདོ་བ་ཡིན་རུང༌། ཡུལ་དགོན་འབྲོག་གསུམ་གྱི་མཆོག་དམན་ཀུན་གྱིས་དད་ཅིང་འདུན་པའི་འབུལ་ནོད་ཀྱི་ཚོགས་ཀྱང་གྱ་ནོམ་པ་བྱུང་ཞིང༌། དེ་སྐབས་སྡེ་དགེར་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་དང༌། ཆོས་རྒྱལ་བསྟན་པ་ཚེ་རིང་བཅས་ཀྱི་མཇལ་ཞུ་ཞིག་ལའང་རྨི་ལམ་གྱི་སྐབས་ཙམ་བཅར་བ་མཆོད་ཡོན་ཟུང་གི་བདག་རྐྱེན་ཆེ་བར་བྱུང༌། ཐར་ལམ་སྒར་དུ་ལོ་གསུམ་བསྡད་ནས་སླར་ཡང་ཨེ་ཝྃ་དུ་འོང་བའི་ཡར་ལམ་ལྷ་ལྡན་དུ་མི་དབང་ཆེན་པོར་མཇལ་ཕྱག་ཏུ་བཅར་བ་སོགས་ལའང་སྟབས་བདེ་སྐབས་གཟོས་ཀྱི་བདག་རྐྱེན་ཆེ་བར་གནང༌། རིམ་གྱིས་ངོར་དུ་འབྱོར་སླེབས་པའི་ཉིན་རྟེན་འབྲེལ་ལེགས་པ་བྱུང༌། དངོས་ཆས་གང་ཡོད་ཕལ་ཆེ་བ་ནི་ཀླུ་སྡིངས་རང་དུ་ཕུལ། དེ་འཕྲོས་ཀྱི་དངོས་ཚོགས་གང་ཡོད་ལྷག་མེད་ཀྱི་ས་སྐྱ་གོང༌། བཀྲ་ཤིས་ལྷུན་པོ། ངོར་བླ་བྲང་ཁག་སོགས་སུ་འབུལ་བ། དགོན་སྡེ་བརྒྱ་ཕྲག་ཕྱེད་གཉིས་ཙམ་ལ་མང་ཇ་མཆོད་འབུལ་སོགས་ཞུས། ལོ་དེར་ཕན་ཁང་སྐྱིལ་བུ་རང་དུ་བསྡད། ཡང་བསྐྱར་ཁམས་སུ་འགྲོ་རྩིས་ལ། ཞལ་བཞི་པ་མི་མཉེས་ཚུལ་དང༌། ལྷ་མོ་རེ་མ་ཏི་མཉེས་ཚུལ་གྱི་རྨི་ལྟས་ངོ་མཚར་བ་བྱུང་བའི་ཁམས་འགྲོས་བློ་བཤོལ་ཏེ་བསྡད། མི་རིང་བར་མཁན་ཆེན་ནམ་མཁའ་བསམ་འགྲུབ་གདན་སར་དགོངས་ཁྲོལ་ཞུས་པའི། མི་དབང་བསོད་ནམས་རབ་རྒྱས་ཀྱི་བཀའ་ཕེབས་དང༌། ངོར་བླ་སྤྱི་ཐུན་མོང་གི་འདོད་གཅིག་ལྟར་གྱི་བླ་བྲང་གི་གདན་ས་རང་ལོ་