[A:༥༧༡]དང་བསྟུན་དགེ་འདུན་གྱིས་སེར་ཕྲེང་དང་བཅས་ཆོས་གྲ་ཆེན་པོ་མགོ་ཟི་དགོན་བླ་བྲང་དུ་ཕེབས། དེ་ནས་བཟུང་དེ་ཕྱོགས་ཀྱི་བླ་མ་དཔོན་པོ། དགོན་སྡེ། ཡུལ་འབྲོག་ཚང་མས་དད་འདུན་གྱིས་འབུལ་ནོད་སོགས་དངོས་སྤམ་ཆེ་བར་བྱུང་ཞིང༌། ཕྲིན་ལས་རྒྱས་པར་གྱུར། སྦྲུལ་ལོར་ས་ངོར་སོགས་ལ་འབུལ་སྐྱེལ་གནང༌། སྡེ་དགེར་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་དང༌། ཆོས་རྒྱལ་བསྟན་པ་ཚེ་རིང་བཅས་ཀྱི་མཇལ་ཁ་ལ་ཕེབས་པས་མཁན་ཆེན་ནས་ཀུན་དགའ་བཟང་པོས་རྒྱལ་ཚབ་ཏུ་མངའ་གསོལ་བའི་རྟེན་འབྲེལ་ཡོད་ཚུལ་སོགས་ལུང་བསྟན། མཆོད་ཡོན་གཉིས་ཀས་བདག་རྐྱེན་ཆེ་བར་གནང༌། བཀྲ་ཤིས་ཆོས་རྫོང་དཔོན་མོ་ཚེ་དབང་མཚོ་འདས་པའི་སྐྱབས་འཇུག་བསྔོ་སྨོན་སོགས་ཞུ་བའི་འབུལ་ནོད་བཟང་ཞིང༌། ལྷུན་གྲུབ་སྟེང་འདུས་ཚོགས་ནས་ཀྱང་ཆོས་འབྲེལ་ཞུས། ཤིང་སྟག་ནས་ལྕགས་སྤྲེལ་བར་ཁམས་སུ་བཞུགས། ལོ་དེར་དབུས་ཕེབས་གྲ་སྒྲིག་མཛད། དགོན་ཡུལ་གྱི་སྦྱིན་བདག་ཚང་མར་སོ་སོའི་འདོད་པ་ཚུལ་བཞིན་བསྐང་བའི་བཀའ་ཆོས་དབང་ལུང་སོགས་ཀྱིས་ཚིམ་པར་གནང༌། སྐུ་རྫོང་གིས་མཚོན། ཟང་ཟིང་གི་འབུལ་ཚོགས་གྱ་ནོམ་པ་བྱུང༌། ཆུ་སྟོད་ཟླ་བ་བཞི་པའི་ཚེས་ཉེར་དགུ་ལ་གཙང་དུ་བཏེག །བླ་དཔོན་དགོན་སྡེ་བཅས་ཀྱི་ཆིབས་སྐྱེལ་བ་རྣམས་ལའང་ལུགས་གཉིས་ཀྱི་བཀོད་ཁྱབ་མཛད། རིམ་གྱིས་ཕེབས་པའི་རུ་རྡབ་གོང་དུ་བདག་དཔལ་ལྡན་ཆོས་སྐྱོང་སྡེ་དགེའི་བླ་མཆོད་དུ་ཡོང་སྐབས་དང་མཇལ་ནས། ད་ལམ་ཡར་ཨེ་ཝྃ་དུ་ཕེབས་པ་