R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༧༢
[A:༥༧༢]ལེགས་ཚུལ་གྱི་མགུལ་དར་དང༌། ངོས་སུ་བསོད་ནམས་བཟང་པོའི་སྐུ་བེར་གནང་བ་དེ་ཕུལ་ནས། རྡོ་རྗེ་འཆང་གི་ཁྲི་ལ་བཞུགས་པའི་རྟེན་འབྲེལ་ཡོད། སླར་རིམ་གྱིས་འབུལ་སྐྱེལ་སོགས་ཀྱང་གཏང་ཞུས། རིམ་གྱིས་ཨེ་ཝྃ་དུ་ཕེབས་པར་བླ་བྲང་གསར་རྙིང༌། སྐུ་ཞང་མི་ཉག་དགེ་རྒན་སོགས་ཀྱིས་ཆིབས་བསུ་དང་མཇལ་དར་ཕུལ། ཨེ་ཝཾ་དུ་ཕེབས་ནས་བླ་བྲང་གཞུང༌། བླ་བྲང་ཟུར་པ་ཁག །སྤྱི་སྒེར་གང་དུའང་སོ་སོར་འོས་བབ་ཀྱི་འབུལ་བ་དང་གནང་ཆ་རྒྱས་པར་མཛད། དགེ་འདུན་ལ་ཉིན་བཅུའི་བར་བསྙེན་རྒྱས་བཏང་བཞིན་འགྱེད་བལ་ཊཾ་ལག་སྤྲད། སྐར་ཕྱེད་བརྒྱད་ལག་སྤྲད། ཉི་ཤུར་ཇ་སྦག་འགྱེད་སོགས་གནང༌། སླར་ཡང་ཁུ་བོས་བཀའ་གནང་ལྟར་ཁམས་དུ་ཕེབས་རྩིས་ཀྱི་ས་སྐྱར་བྱོན། གོང་མ་རིན་པོ་ཆེར་འབུལ་བ། དཀར་པོ་རྒྱང་གྲགས་གསུང་བསྐུལ། ལྷ་ཁང་རྣམས་སུ་མཆོད་འབུལ་སོགས་ཕུལ། གདན་ས་ནས་ཀྱང་ལུགས་གཉིས་ཀྱི་བདག་རྐྱེན་བཀའ་དྲིན་སྩལ། ངོར་དུ་ཕེབས་ཟླ་བ་བཞི་པའི་ཚེས་གསུམ་ལ་ཁམས་སུ་བཏེག་ནས་བྱང་ཐབས་མདུན་དུ་སླེབས་ཚེ། གླིང་དགེ་རྒན་ཚུལ་རབ་པ། བཀྲ་ཤིས་ཕུན་ཚོགས་བཅས་ཀྱི་ཁུ་བོས་ཐུགས་དམ་བཀའ་ཤོག་དང༌། བླ་བྲང་གི་འབུལ་ཚན་བཅས་མཁན་ལས་ཐོག་པ་བསྙུང་བབ་ཀྱི་འགན་བཞེས་མི་ཐུབ་པ་བཅས། བླ་བྲང་དུ་བཞུགས་དགོས་ཞུ་བ་ནན་ཆེར་མ་གསན་པར་ཤར་གྱིས་ཕེབས། ཡང་བསྐྱར་གླིང་པ་དགེ་རྒན་གྱིས་ཡངས་པ་ཅན་དུ་རྗེས་ཟིན་པའི་མི་དབང་ཆེན་པོས་མཁན་པོ་བསྐོས་བཞག་གི་བཀའ་ཤོག་