R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༧༠
[A:༥༧༠]བཟང་པོ། ཚུལ་ཁྲིམས་ལྷུན་གྲུབ། བཀྲ་ཤིས་ལྷུན་གྲུབ། མཁན་ནམ་མཁའ་བསམ་འགྲུབ། དཔལ་ལྡན་ཆོས་སྐྱོང༌། སངས་རྒྱས་དཔལ་བཟང༌། ཁམས་སྟོན་བསོད་ནམས་དབང་ཕྱུག་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་དུ་མ་ལས། གསུང་ངག་རིན་ཆེན་གཙོར་གྱུར་དབང་ལུང༌། ཁྲིད་བྱིན་རླབས་སྐོར། རྗེས་གནང་ཟུར་བཀའི་རིགས་དཔག་ཏུ་མེད་པ་གསན། ལྕགས་ཕག་གླིང་དཔོན་མོ་བསོད་ནམས་སྐྱིད་ས་ངོར་གྱིས་མཚོན་དབུས་གཙང་གི་མཆོག་གསུམ་སྲི་ཞུ་སྒྲུབ་པའི་ཡོན་སྦྱོར་དུ་ཕེབས་སྐབས། སྤྱིར་ས་ངོར་དང་གླིང་ཡོན་མཆོད། སྒོས་སུ་ཁང་སར་དམ་པ་རིམ་བྱོན་དང་ཡོན་མཆོད་ལུ་གུ་རྒྱུད་དུ་འབྲེལ་པའི་གཤིས། ད་ལམ་སྐྱབས་མགོན་བྱམས་པ་བསོད་ནམས་བཟང་པོ་གླིང་གི་མེ་ཏོག་ཕོག་པའི་ལྷ་སྐལ་དུ་ཕེབས་དགོས་ཚུལ་ཕུལ་བར། དམ་པ་ཉིད་སྐུ་ན་བགྲེས་པ་བཅས་ཕེབ་མི་ཐུབ་ཚུལ་དང༌། དབོན་རིན་ཆེན་འདི་ཉིད་རྫོང་པ་ཞལ་གྱིས་བཞེས། གླང་ལོར་གླིང་དྲུང་པ་བསྟན་འཛིན་མཆོག་གྲུབ་སྤྱན་འདྲེན་འབྱོར་ཞིང༌། བླ་དཔོན་ཚང་མའི་ཞུ་ཡིག་སོགས་ཕུལ། སྟག་ལོ་ཟླ་བ་བཞི་པའི་ཚེས་བཅུ་དགུ་ལ་ངོར་ནས་བཏེག །ལམ་བར་ཀུན་ནས་ཀྱང་སྦྱིན་བདག་དད་ལྡན་གྱི་ཚོགས་ལ་བཀའ་དབང༌། བྱིན་རླབས་སོགས་བགྱིས་བསྙེན་བཀུར་འབུལ་ནོད་ཆེ་ཞིང་རིམ་གྱིས་གླིང་དཔོན་དགོན་བཅས་ཀྱི་ཆིབས་བསུ་ཇ་འདྲེན་ལ་སོགས་པ་ཚིག་ཏུ་སྔ་རྟིང་གི་འབྱོར་པས་མདུན་བསུས་ཏེ། གྲོ་བཞིན་ཟླ་བའི་ཚེས་བཅུ་བདུན་ཉིན་པར་ཤེས་འཕྲོད་