[A:༥༧༣]བཅས་ཆབས་གཅིག་ཏུ་གསོལ་བ་བཏབ་ཀྱང་མ་གནང་བ་ལམ་སྐྱོང༌། དེ་སྐབས་མི་དབང་ཆེན་པོ་གཙང་དུ་ཆིབས་སྒྱུར་དང་འགྲིགས་ནས་ངོར་པས་ནན་གྱི་སྙན་སྒྲོན་ཕུལ་བར་བརྟེན། བཀའ་རྒྱ་འཕྲལ་ཕེབས་ཀྱིས་རྟ་ཟམ་བརྒྱུད་དེ་ནག་ཆུ་དབུ་སྒོར་སར་གནང་བའི་དོན་གྱིས་ནག་ཆུ་རང་དུ་བཀོད་པ་བྱུང་བ་བཅས། བྱ་ཐབས་མ་མཆིས་པར་ཁམས་འགྲོས་པ་གཞན་རྣམས་ཕྱིར་རྫོང་གི །རྗེ་ཉིད་དཔོན་སློབ་ཚང་མར་སླར་ཡང་ཨེ་ཝྃ་དུ་ལོག་སྟེ་ཕེབས། ལྕགས་བྱ་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔ་གཟའ་སྐར་འཕྲོད་བཟང་བར་རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྒྱལ་ཚབས་སུ་མངའ་གསོལ། རྩིས་སྤྲོད་ལེན་སོགས་བྱས་པར་དངོས་ཚོགས་སྤྲོད་ལེན་རྒྱུ་དཀའ་ཚེགས་ཆེ་བའི་ཉག་ཕྲ་ཙམ་འདུག་སྐད་བཤད། ལོ་དེར་གསུང་ངག་རིན་པོ་ཆེས་མཚོན་ཕྱོགས་ཀྱི་གྲ་རྒྱུན་དང་གཉུག་མར་གནས་པ་བཅས་ལ་གང་འཚམ་གྱིས་ཆོས་ཆར་ཕབ། ཕག་ལོ་དགུན་སྡེ་དགེ་རྒྱལ་པོ་བསོད་ནམས་མགོན་པོ་ཕེབས། འབུལ་ཚོགས་བསམ་གྱིས་མི་ཁྱབ་པ་ཕུལ་བར་ཆུད་མི་ཟ་ཕྱིར་འཁོར་གསུམ་གྱི་རྗེས་འདེབས་དང༌། གཞན་ཡང་བཀའ་ཆོས་ཀྱི་རིམ་པ། ཟང་ཟིང་གི་གནང་ཆ་སོགས་ཕུལ། ལོ་དེའི་སྟོན་གདན་ས་གོང་དུ་མཇལ་ཕྱག་ལ་ཕེབས་པ་དང༌། གཞུང་ས་རྒྱལ་བ་མཆོད་ཡོན་མཇལ་ཞུ་ལ་ཕེབས་ཤིང༌། བདག་རྐྱེན་གནང་སྦྱིན་སོགས་ཀྱང་ཚད་མེད་པ་བྱུང༌། དེ་དག་གི་སྐབས་སུ་ངོར་ནང་དུའང་ལོ་ལེགས་སྐྱ་རྒྱལ་སོགས་ཀུན་གྱིས་ལེགས་ལམ་