R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༧༤
[A:༥༧༤]གླེང་བའི་སྐབས་ཟོས་པར་གྱུར། སོས་ཀ་གོང་མ་རིན་པོ་ཆེ་ལྷ་ལྡན་ཆིབས་བསྐྱོད་ཀྱི་ཡར་ལན་ཨེ་ཝྃ་དུ་ཕེབས་བཞུགས་ཞག་དྲུག་གནང༌། དཔོན་སློབ་གྲ་རིགས་ཆིབས་དྲེལ་ཕོན་ཆེ་རུང་གང་སྤྱིས་ཞབས་འགྱུར་ཕུན་སུམ་ཚོགས་པར་ཞུས། ལོ་དེར་ངོར་དུ་འབྲུམ་པ་བྱུང་ཀྱང་རྗེ་འདི་ཉིད་འབྲུམ་པ་སྔོན་དུ་མ་བཞེས་རུང་ཉེས་སྐྱོན་གྱིས་མ་གོས་པ་སོགས་ཡ་མཚན་པར་གྱུར། འདི་ལོ་ཐོར་པའི་དམ་གྲགས་ཆེས་བས་གྲ་རྒྱུན་ལ་ལྟོ་ཆས་སོགས་ཉོ་སྤུས་དཀོན་པར་གྱུར་ཀྱང་བླ་བྲང་ནས་གསོལ་རས་གནང་སྦྱིན་གྱིས་ཚིམ་པར་མཛད། དེ་དག་གི་སྐབས་སུ་ཆོས་འཆད་པ་དང༌། བསྟན་འཛིན་གྱི་བུ་སློབ་བསྐྲུན་པ་ནི། གསུང་ངག་ལམ་འབྲས་ཚར་གསུམ་ཆ་ལག་བཅས། སྒྲུབ་ཐབས་བརྒྱ་རྩ། རྒྱ་མཚོ། སྒྲོལ་མ་ཉེར་གཅིག་བཅས་ཀྱི་རྗེས་གནང་ལུང་རྒྱ་གཞུང་བོད་གཞུང་བཅས་དང༌། གཞན་ཡང་རྗེས་གནང་ཟུར་པ་ཁ་ཤས་དང༌། གུར་རིགས་བསྡུས། སམྦུ་ཊ། གཤེད་དམར། འཇིགས་བྱེད་བཅས་ཀྱི་དབང༌། གཞན་ཡང་ཆོས་སྐྱོང་གི་སྐོར་གྱི་རྗེས་གནང་ཁྲིད་སོགས་སོ་སོར་གང་ལ་གང་འཚམ་གྱི་དབང་ལུང་མན་ངག་ཁྲིད་སོགས་ཀྱིས་སྐལ་ལྡན་རྣམས་ཚིམ་པར་བྱས། རབ་བསྙེན་གྱི་སློབ་བུ་ལ། སུམ་སྟོང་སྐོར་བྱུང༌། སློབ་བུ་གཙོ་བོར་གྱུར་པ་ནི། རྩེ་གདོང་སྤྲུལ་སྐུ་རིན་པོ་ཆེ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་སྐུ་ཚ་རིན་ཆེན་མཆོག་གྲུབ། དྲེད་སྤྲུལ་སྐུ། བྱ་གཤོངས་སྤྲུལ་སྐུ་པདྨ་བསྐལ་བཟང་ཕྲིན་ལས། གུར་པ་གྲྭ་ཚང་དཔོན་སློབ་ཀུན་དགའ་ཕུན་ཚོགས། ཐར་པ་ཆོས་