[A:༥༧༥]སྡེའི་དབུ་མཛད། མུས་ཐུབ་བསྟན་རྣམ་རྒྱལ་མཁན་པོ། གསེར་མདོག་ཅན་གྱི་ཤངས་པ་དཔོན་སློབ། རྟ་ནག་ཐུབ་བསྟན་མཁན་པོ། གཞན་ཡང་གསང་སྔགས་ཀྱི་སློབ་བརྒྱུད་དུ་གཏོགས་པ་ནི་མཐའ་ཡས་མོད་ཀྱང་རགས་པ་ཙམ་ཞིག་བརྗོད་པ་ནི། གོང་དུ་སྨོས་པའི་སྐྱེས་ཆེན་རྣམས་དང༌། མདོ་ཁམས་ཀྱི་ཕྱོགས་སུ་བླ་མ་ཤེས་རབ་དཔལ་ལྡན། ཀརྨ་ཆོས་གྲགས། དྲའུ་སྐུ་སྐྱེ། གཞན་ཡང་བསྟན་འཛིན་གྱི་བླ་མ་སོགས་མང་དུ་བསྐྲུན་ཞིང་བྱི་ལོ་དང་གླང་ལོའི་སྐབས་འགའ་རེར་ངོར་གྱི་རྒྱབ་མདུན་གྱི་རི་ངུར་བ་སོགས་འགའ་ཞིག་བྱུང༌། རྗེ་ཉིད་ཀྱི་ཞལ་ནས་ཀྱང་ཕྱི་ནང་གི་མཚན་ལྟས་སོགས་གང་སྤྱི་ནས་བརྟགས་ན་རྒྱུན་རིང་སྐུ་ཚེ་མེད་པའི་གསུང་འཕྲོས་ཞབས་ཕྱི་རྣམས་དང༌། གཞན་དག་ལའང་གསུང་མོ་ལ། གླང་ལོའི་དབྱར་སྟོན་གྱི་ཆོས་གནང༌། ཟླ་བ་བཅུ་པའི་ནང་དུ་མགུལ་ཆམ་ཞིག་བཞེས་པར། ག་ཟི་ཨན་ཆི་དཔལ་ལྡན་ཕྲིན་ལས་བསྟེན་པའི་གསོལ་སྨན་སོགས་ཞུས། དགོན་འདི་ཉིད་ཀྱིས་མཚོན་ཉེ་སྐོར་དགོན་གནས་རྣམས་སུ་ཞབས་བརྟན་སྐུ་རིམ་སོགས་བསྒྲུབས་ཀྱང་དངས་སྐྱེད་ཆེར་མ་གྱུར། ཟླ་བ་དེའི་ནང་དུ་མཁའ་ལ་འཇའ་སྤྲིན་འཁྲིགས་པ་དང༌། ངོར་ལུང་ནང་དུ་སྒྲ་མི་སྙན་པ་འགའ་རེ་གྲགས་ཤིང་ཐམས་ཅད་ཐེ་ཚོམ་དུ་གྱུར། འོན་ཀྱང་མཇལ་ཁ་དང་གསོལ་ཟས་སོགས་ནི་སྔར་རྒྱུན་ལྟར་གནང་འདུག་ཉེར་ལྔའི་ཉིན་འཇའ་སྤྲིན་དཀར་པོ་གདུགས་དང་རྒྱལ་མཚན་དང་བ་དན་དང༌། ཐེམ་སྐས་ཀྱི་ཚུལ་དུ་བྱུང་བ་ཀུན་གྱིས་ཇི་ལྟའི་ལྟས་ཡིན་ཞེས་