[A:༥༧༨]དང༌། དབྱངས་འཐེན་ཚུལ་བྱེད་པ་ཞིག་ཡོད་པས། ལ་ལས་ཚེས་བཅུ་པ་ཞིག་གི་སྐྱེ་བ་ཡིན་ནམ་ཟེར། ལ་ལས་བསྐང་གསོ་གཏོང་མཁན་ཞིག་གི་བག་ཆགས་ཡིན་པ་འདྲ་ཟེར། གང་ལྟར་དགེ་བའི་བག་ཆགས་ཅུང་ཟད་ཡོད་པ་ཞིག་ཡིན་པར་མངོན། ལ་ལས་ཁྱོད་ཞབས་དྲུང་བློ་གྲོས་གྲགས་པའི་སྐྱེ་བ་ཡིན་ཟེར་ན་འང༌། དེ་ཉིད་ནི་དགའ་ལྡན་ལྷ་ཡུལ་དུ་བྱམས་པའི་ཞབས་དྲུང་དུ་འཁྲུངས་པ་ལས་ཁོ་བོ་ལྟ་བུར་སྐྱེ་བ་བཞེས་པ་ག་ལ་སྲིད། ལོ་བརྒྱད་ལོན་ནས་ངོར་དུ་ཡོང༌། དགེ་རྒན་སངས་རྒྱས་ཚུལ་ཁྲིམས་ཀྱི་ཡེ་གེའི་མ་མོ་བསླབས། རེ་ཞིག་ནས་ས་སྐྱར་ཕྱིན། སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་ལ་གཙུག་ཕུད་ཕུལ་མིང་རེན་ཆེན་མི་འགྱུར་རྒྱལ་མཚན་དུ་བཏགས། ཚེ་རྟ་ཟུང་འབྲེལ་གྱི་དབང་གནང་བ་སོགས་བདག་རྐྱེན་ཡང་དག་པར་མཛད། དེ་ནས་ངོར་དུ་ཡོང༌། འདི་སྐབས་མཚན་མོ་ཧོབ་ལངས་བྱེད་རྒྱུ་ཡོད་པར། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་ལ་གཤེད་དམར་གྱི་དབང་ཞུས་པས། བར་ཆད་གྱི་མཚན་མ་མངོན་སུམ་དུ་ཞི། ནུབ་གཅིག་གཉིད་འཆོལ་ལ་འཇམ་དཔལ་མཚན་བརྗོད་འདོན་གྱིན་འདུག་ཟེར། དེའི་ནང་པར་དགེ་རྒན་སངས་རྒྱས་ཚུལ་ཁྲིམས་ན་རེ། ཨ་ཡ་མཚན་ལ། མདང་མཚན་བརྗོད་འདོན་གྱིན་འདུག་པ། ད་ནང་སྐྱོར་དང་ཟེར་ཡང་སྐྱོར་རྒྱུ་མི་འདུག །དེ་སྐབས་བློར་འཛིན་པ་ལྟ་ཅི། དཔེ་སྒྲོགས་བྱས་པའི་བག་ཆགས་ཀྱང་མེད། དགེ་རྒན་གྱི་ཞལ་རྫུན་ནི་མིན་ལས་ཆེ། དེ་ནས་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་ཀྱིས་མཁན་པོ། བྱམས་པ་བསོད་