[A:༥༧༩]ནམས་བཟང་པོས་སློབ་དཔོན་མཛད་ནས་བདག་རབ་ཏུ་བྱུང༌། བསྲུང་སྡོམ་ཡང་སྤྱི་མཐུན་ཙམ་བྱས། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་ཀླུ་སྡིངས་སུ་གདན་དྲངས་ནས་དབང་ལུང་རྗེས་གནང་མང་དུ་ཞུས། ཨེ་ཝྃ་གཙུག་ལག་ཁང་དུ་འཇམ་མགོན་ཚུལ་ཁྲིམས་ལྷུན་གྲུབ་ལ་ལམ་འབྲས་ཞུས། གསུང་དཔང་མཐོ་ཞིང་གོ་བདེ་བས། སྣང་གསུམ་སྐབས་འཁོར་བ་ལ་སྐྱུགས་ལོག་པ་དང༌། དེ་ལས་ཐར་འདོད་ཀྱི་བློ་ཅུང་ཟད་སྐྱེ་བ་བྱུང༌། རྒྱུད་གསུམ་སྐབས། ཡེ་ཤེས་རྒྱལ་མཚན་གྱི་ཟླ་བོ་བྱས་ནས་ནུབ་རེ་བཞིན་མཎྜལ་གྱི་རྣལ་འབྱོར་བྱས། རང་ཉིད་ན་གཞོན་དར་ཡམ་པས་སློབ་གཉེར་ནི་ཆེར་མེད། སླེ་ལུང་མཁན་ཆེན་རྡོ་རྗེ་གདན་པ་ལ་ཚེ་དབང་གྲུབ་རྒྱལ་མ་བརྒྱ་ཚར། སེང་གདོང་སྔོན་མོའི་རྗེས་གནང༌། ས་སྐྱ་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་ཞུས། བྱང་ཆུབ་སེམས་དཔའ་དཔལ་ལྡན་ཆོས་སྐྱོང་ནས། གསང་འདུས་མི་བསྐྱོད་པ། འཇིགས་བྱེད་ས་ལུགས། ཀུན་རིག །དུག་དབང༌། བརྒྱད་སྟོང་པའི་ལུང་སོགས་ཞུས། བྱམས་པ་བསོད་ནམས་བཟང་པོ་ལ་སྒྲུབ་ཐབས་རྒྱ་མཚོ་རྒྱ་གཞུང་བོད་གཞུང་གི་ལུང་སོགས་ཞུས། སློབ་གཉེར་ལ་ཆོས་སྤྱོད་ཡོངས་རྫོགས། དབྱར་ཆོག་སྐོར་དང༌། ངོར་ལུགས་བདུན་དུ་གྲགས་པའི་ཀྱེ་རྡོར། གསང་འདུས་མི་བསྐྱོད་པ། འཇམ་རྡོར་སམྦུ་ཊ། གུར་རིགས་བསྡུས་བདེ་མཆོག་ལོ་ནག་གཉིས། ཚུལ་ལྗོན། སྡོམ་གསུམ་རབ་དབྱེ། བརྟག་གཉིས་རྣམས་ཀྱི་ཚིག་བློར་བཟུང་ནས་བཏང༌། སྣང་གསུམ་མཛེས་རྒྱན་དང༌། རྒྱུད་གསུམ་མཛེས་རྒྱན་གཉིས་བློར་བཟུང་ནས་བྱང་ཆུབ་སེམས་དཔའ་དཔལ་ལྡན་ཆོས་སྐྱོང་གི་དྲུང་དུ་