R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༨༠
[A:༥༨༠]རྒྱུགས་འབུལ། དོན་ནི་ཡེ་མ་གོ །འཇམ་དབྱངས་དཀར་པོ། ཚེ་དཔག་མེད། ཀུན་རིག །མགོན་པོ། འཇིགས་བྱེད་རྣམས་ཀྱི་བསྙེན་པ་སྒྲ་དག་པར་བྱས། སློབ་དཔོན་བློ་གྲོས་བརྟན་པས། ཐོག་མར་སྒྲ་ལ་མཁས་པ་ཡིས། །ཚིག་དོན་རྣམ་པར་ཕྱེ་སྟེ་བསྟན། །དེ་ནས་དོན་ལ་མཁས་པ་ཡིས། །ལྷག་ཆད་འཁྲུལ་པ་མེད་པར་བཤད། །ཅེས་གསུངས་པ་བཞིན་སྒྲ་འདི་ཤེས་ན་སྙམ་ཡང༌། མཚམས་སྦྱོར་ལྔ་པ་ཙམ་ལས་སློབ་ཐུབ་པའི་སྟབས་འགྲིག་པ་ཞིག་མ་བྱུང༌། སྙན་ངག །བྱམས་པ་བསོད་ནམས་བཟང་པོའི་ཞབས་དྲུང་དུ་བསླབས། དོན་རྒྱན་སོ་ལྔའི་རྩོམ་རྒྱུགས་ཚར་གཅིག་ཕུལ་ནས་ཤེས་ཁུལ་བྱས། སྐར་རྩིས། ལྔ་བསྡུས། གཟའ་ལྔ། དུས་སྦྱོར་བཅས་བསླབས། འབྱུང་རྩིས་གྲས་ནས་རྡེའུ་ཞེ་བདུན་མ་བསླབས། འགའ་ཞིག་སྐར་རྩིས་འདི་གཡེང་བ་ཆེ་བས་སློབ་མི་རུང་ཞེས་དང༌། བྲིས་བསུབས་བྱས་པའི་རྣམ་སྨིན་ཡིན་ཞེས་སྨོད་ཀྱང༌། དུས་འཁོར་རྒྱལ་བས་གསུངས་པས་དེ་ལ་སྨོད་པ་ཡ་ང་བ་ཙམ་དུ་ཟད། རང་གིས་བསམས་པར་རྒྱུད་གསུམ་མཛེས་རྒྱན་ལས། རྟེན་འབྲེལ་གྱི་གནད་ཤེས་ན་ཉོན་མོངས་དང་རྣམ་རྟོག་ཀྱང་ལམ་དུ་འགྱུར་ལ། གནད་མ་ཤེས་ན་ལྷ་དང་སྟོང་ཉིད་བསྒོམ་པ་ལ་སོགས་པ་རྣམས་ཀྱང་བར་ཆད་དུ་འགྲོ་བའི་སྐབས་སྲིད་པས་རྟེན་འབྲེལ་ཉིད་གནད་དུ་ཆེ་བར་བཞེད། ཅེས་གསུངས་པས་རྟེན་འབྲེལ་ལ་ཁྱད་གསོད་མི་རུང་བར་གོ །ལོ་ཆེན་དྷརྨ་ཤྲཱིས། ཆོས་ཀུན་དོན་དམ་གཤིས་ཀྱི་གནས་ལུགས་ལ། །རྩིས་དང་འབྲས་བུའི་སྤྲོས་པ་ཀུན་བྲལ་ཀྱང༌། །ཀུན་རྫོབ་རྟེན་འབྲེལ་མི་བསླུར་གསུངས་པའི་ཕྱིར། །བདག་ལེགས་འདོད་པ་རྣམས་