R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༩༠
[A:༥༩༠]མཛད་པ་སོགས་ཡུལ་དེར་ཨེ་ཝྃ་པའི་བསྟན་འཛིན་སྟོབས་ཆེན་ཞིག་ཡིན་ཅེས་གླེང་འདུག་ཅིང༌། དགོན་པའི་མིང་ཡང་རྒོད་འདྲ་བྱང་ཆུབ་གླིང་ཞེས་ཟེར་བའི་ད་ལྟ་ཡང་མཁན་པོ་ཉིད་ཀྱི་གཅེན་པོ་ཞིག་གི་དགོན་བདག་བྱས་ནས་ཡོད་འདུག །གཞན་ཡང་དེའི་ཉེ་འཁོར་དུ་དར་མདོ་ཕ་རི་སྒར་པ་ཞེས་ཡོངས་སུ་གྲགས་པས་རིགས་རྒྱུད་ཕུན་སུམ་ཚོགས་པ་གཏུམ་དབོན་པ། གནམ་བསྐོས་འཇམ་དབྱངས་གོང་མ་བདག་པོའི་གསེར་དམ་གྱི་བདག་པོ་བླ་ཆེན་དམ་ཆོས་པ་དང༌། དེའི་དབོན་སངས་རྒྱས་དཔལ་ལྡན། མཁན་རང་གི་རྩ་བའི་བླ་མ་གྲགས་པ་འོད་ཟེར་བཅས་དབོན་རིམ་བརྒྱུད་ཀྱི་བཞུགས་གནས་གཏུམ་ཡུལ་ཞེས་པའི་གྲོང་ཁྱེར་གྱི་དབུས་ན་རི་སེང་གེ་འགྱིང་སྟབས་འདྲ་བའི་སྟེངས་སུ་ལྷ་ཁང་ནང་རྟེན་ཁྱད་འཕགས་དུ་མ་བཞུགས་པ་ལ་འབུར་འགོ་ཅེས་གྲགས་པ་དང༌། དེའི་དགོན་ལག་གི་ཆར་གཏོགས་དཔལ་ལྡན་རགས་པར་མང་བརྟན་རྣམ་གྲོལ་གླིང༌། ར་ཇོ། རྫས་ཚུག །སྟག་རྩེ། སྤང་བཟང་སོགས་ཨེ་ཝྃ་པའི་དགོན་པ་བཟང་རབ་འགའ་ཞིག་ཀྱང་ཡོད་འདུག་ཅིང༌། ཁུ་བོའི་བླ་མ་གཉིས་ཀྱི་རྒོད་འདྲ་བྱང་ཆུབ་གླིང་གི་འཛིན་བདག་གམ། ཁོ་རང་ཟུང་གི་རྗེས་འཇུག་ལྟ་བུ་འཕྲལ་ལ་ཡོང་རེས་མཁན་ཆེན་པའི་ཡབ་པདྨ་ལ་བུ་བཞི་ཡོད་པའི་ཆེ་བ་གསུམ་ལ་རིམ་བཞིན་ཆོས་སློབ་ཀྱང་གསུམ་ཀ་ཆོས་མགོ་མ་ཐོན་ནོ། །དེ་དག་གི་ནང་ནས་ཆུང་ཤོས་དམ་པ་འདི་ཉིད་དེ་རང་ལོ་བརྒྱད་པར་ཆོས་བྱས། བཅུ་གསུམ་ལ་ཁུ་བོའི་བླ་མས་དར་མདོ་ཕ་རི་སྒར་དུ་སྦྱོར་གཏད་ཞུས་བླ་ཆེན་གྲགས་འོད་དང་མཇལ་མིང་ཉི་མ་འོད་ཟེར་