R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༩༣
[A:༥༩༣]བཅས་ཕེབས་བསུ་ཐོག །ལུགས་གཉིས་ཀྱི་བཀོད་པ་ཇི་ལྟར་དགོས་པ་མཛད་དེ། ལྷ་ལྡན་རི་བོ་གྲུ་འཛིན་དུ་སྐྱབས་མགོན་ཆེན་པོའི་མཇལ་ཕྱག་ཏུ་ཕེབས། གཙོ་བོ་གོང་ས་མཆོག་དང༌། བཀའ་མགྲོན་གྱིས་མཚོན་ཚང་མས་སྤྱན་རྒྱང་བདག་རྐྱེན་ཨེ་ཝྃ་བའི་བསྟན་དོན་ལར་རྒྱའི་སྔོན་གྱི་བཀའ་བསྟན་རིམ་པར་རྒྱབ་གནོན་གཙང་ཆོད། དངོས་པོ་གྱ་ནོམ་པའི་གནང་སྦྱིན་སོགས་བཀའ་དྲིན་སྩལ་བ་བཅས་སྐུ་བསོད་དང་ཕྲིན་ལས་མི་དམན་པ་གྱུར། བདག་ཅག་གིས་ཀྱང་འབུལ་སྤོམ་སོགས་མི་དམན་པ་སྔོན་ཕུལ་གྲུབ་ཀྱང་ལྷ་ལྡན་དུ་དངོས་མཇལ་གྱི་ཐོག་ལ་ཞུས། སླར་ཡང་ངོར་དུ་ཕེབས་ཏེ། རྒྱལ་བ་གོང་མའི་རིང་ལུགས་རྗེས་སུ་སྐྱོང་བའི་ལུགས་གཉིས་ཀྱི་སྒོ་ནས་བླ་བྲང་གི་འཛིན་གྲཱའི་སྐོར་སྔར་རྒྱུན་ལྟར་གནང༌། དེ་སྐབས་དཔལ་ས་སྐྱ་པ་ཆེན་པོ་ཉི་ཟླ་ཟུང་འབྲེལ་དབུས་ཕེབས་ཆིབས་སྐྱོད་བཀའ་དྲིན་ཆེ་བའི་ཡར་ལམ་ཞར་ངོར་དུ་ཆག་ཕེབས་པར། ཆིབས་བསུ། སེར་ཕྲེང་སོགས་ཀྱི་བཀོད་གནང་དང༌། བླ་བྲང་ནས་གསོལ་སྟོན་ཟུར་ཆས་ཀྱི་རིམ་པ། དངོས་པོའི་འབུལ་ནོད་ཆིབས་སྐྱེལ་བཅས་གྲ་གང་འགྲིག་ཞུས་པར། སྐྱབས་མགོན་མཆེད་ཀྱང་དགྱེས་པ་ཆེན་པོས་སྒོ་འཕར་བྱེ་པའི་ལེགས་ལམ་ཕུན་སུམ་ཚོགས་པར་གྱུར། མཁན་འདི་ཉིད་ནས་དམ་པ་དུ་མར་ཟབ་ཆོས་ཀྱི་རིགས་དུ་མ་གསན་པ་རྒྱ་ཆེ་བ་དང༌། ཁོ་བོ་ཅག་ལའང་རྗེ་བཙུན་ས་སྐྱ་པའི་གདམས་པ་ཁྱད་པར་ཅན་གསུང་ངག་གི་ཆོས་སྐོར་དང༌། གསེར་ཆོས་ཀྱི་རིགས་དབང་ལུང༌། རྗེ་གནང་ལུང་གི་ཚོགས་གང་དགོས་ཕུལ། གཞན་ཡང་དགེ་ཚོགས་ཅི་ཆེ་སྤེལ། དེ་ལྟ་བུའི་བྱས་བྱུང་རགས་བསྡུས་འདི་འང་དགེ་སློང་དཀོན་མཆོག་གྲགས་པས་སོ།། །།མངྒ་ལཾ།