[A:55]ཚད་མེད་པ་བབས། འཇིགས་ཤིང་སྐྲག་ཏེ་སྡུག་བསྔལ་ལན་རེ་གྲོགས་མཆེད་གོང་མ་བླ་མ་མཁན་པོ་སློབ་དཔོན་ལ་སོགས་དང་། ཡི་དམ་གྱི་སྐུ་རྒྱབ་བསྟན་པ་སྤྱན་ཕྱུངས་ཞལ་བྲལ། ཤངས་ལ་སོགས་པ་བཅད་པ་ཁྲག་ཞལ་ལེ་བ་གཙུག་ཏོར་ས་ལ་གཙུག་པ་ལ་སོགས་ལུས་ཉམས་སེམས་ཉམས་རྨི་ཉམས་སུ་སྣ་ཚོགས་པ་རྒྱུན་མི་ཆད་པར་ཉམས་སུ་མྱོང་བས་ཐུགས་ཤིན་ཏུ་མུག གསང་སྔགས་རྡོ་རྗེ་ཐེག་པའི་ལས་འཕྲོ་མེད་པར་ཐག་བཅད་དེ། དཔྱིད་ཟླ་ར་བའི་ས་གའི་ཉི་ཤུ་གཉིས་ཀྱི་ནུབ་མོ་ཕྲེང་བ་ཆབ་ཁང་དུ་གཏོར་ནས། ད་ནི་འཆད་རྩོད་རྩོམ་པ་བསམ་རྣོ་ལ་འབད་པར་བྱའོ། །ཞེས་དམ་བཅས་ནས། ཐང་ཆད་པ་སྙམ་བྱེད་དེ། དེའི་ནུབ་མོ་བག་སྐྱང་ནས་གཟིམ་པས། བུད་མེད་སྔོན་མོ་མཚན་དཔེ་འབར་བ་གོས་རྒྱན་ཕུན་སུམ་ཚོགས་པ་དད་ལྡན་པ་གཅིག་ན་རེ། རིགས་ཀྱི་བུ་ཁྱོད་དེ་ལྟ་བུའི་ཚུལ་མིན་གྱི་སྤྱོད་པ་མ་བྱེད་པར་ཕྲེང་བ་ལོངས། སྒྲུབ་པ་འཕྲོ་མ་གཅོད། ཡི་དམ་གྱི་ལྷ་ཐམས་ཅད་ངོ་བོ་གཅིག་ཀྱང་། གདུལ་བྱའི་སྣང་ངོར་ཁྱོད་ཀྱི་རིགས་ཀྱི་ལྷ་ང་ཡིན་པས། ངས་རྒྱུད་བྱིན་གྱིས་བརླབ་ཀྱིས་གསུང་། འགྱོད་པ་དྲག་པོ་སྐྱེས་ཏེ། བཤགས་སྡོམ་དྲག་པོ་བྱས། ནང་པར་ཕྲེང་བ་བླང་། གསང་འཁྲུས་བྱས་ཏེ་སྔར་བཞིན་བསྙེན་སྒྲུབ་བྱས་པས། དེའི་ནུབ་མོ་ཡེ་ཤེས་ཀྱི་སྣང་ངོར་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་བྱོན་ནས། གཙོ་མོས་དབང་བཞི་རྫོགས་པར་བསྐུར་བས། རིམ་པ་བཞིན་གསལ་ཉམས་སྟོང་ཉམས་བདེ་ཉམས་ཟུང་འཇུག་རྣམས་ངོ་སྤྲད། གེགས་བསལ་བོགས་འདོན་ལ་བཟླས་ཏེ། ཉམས་སྣང་རྣམས་བླ་མ་ཉམས་མྱོང་དང་ལྡན་པས་རྗེས་