[A:༢༥༥] །རྨོངས་པའི་སྲོག་འཕྲོག་བློ་དང་རིག་པའི་ཚོགས། །མཚུངས་མེད་འཕེལ་བའི་བཏུང་བའི་མཆོག་གིས་ཤིས། །དཀར་དང་ནག་པའི་མཐའ་ཆེན་གཉིས་བཏུལ་བའི། །དུས་ཀྱི་འཁོར་ལོ་ཚེས་པ་གནམ་གང་གི །ཟླ་བ་དག་པའི་ཞལ་རས་གཞན་དུ་ན། །མཐོང་མིན་དྲི་མེད་ཆུ་ནང་དེར་རབ་གསལ། །གནམ་གྱི་ཤིང་ཐོག་འཆི་མེད་རྟག་པའི་རོ། །འབུམ་དུ་བདའ་བས་མངོན་པར་དུད་པ་ཡིས། །ནགས་ཀྱི་ལྷ་མོའི་ལག་སོར་ཡལ་འདབ་ཀྱིས། །རིས་མེད་གཏོང་བའི་ཉེར་མཚོ་ཤིན་ཏུ་མཐོ། །གསེར་གྱི་ཆུ་སྐྱེས་དུས་ཚིགས་ཀུན་ཏུ་འབར། །འོད་ཀྱིས་བར་མཚམས་མེད་པའི་རྣ་རྒྱན་ཅན། །ལྗོན་པ་གཞོན་ནུ་མ་ཚོགས་ཕང་བཀོད་པའི། །གཉིས་སྐྱེས་མགྲིན་པའི་རྒྱུད་མངས་བསྒྲེང་བ་ལ། །མིག་ཟུར་གྲོགས་པོ་རྣ་བའི་དབང་པོ་ཟུང༌། །གཟེངས་སུ་བསྟོད་པའི་རི་དགས་སྡུ་གུ་རྣམས། །སོ་ཕྲེང་བར་ན་གནས་པའི་རྩྭ་ཁམ་དུ། །གཅོད་པའི་སྒྲ་དག་བསྡམས་ནས་ཉན་པར་བྱེད། །བྱང་ཆུབ་སེམས་དཔའི་སྐུད་པ་ལྟར་བོད་པའི། །ཨནྡ་རྙིལ་
མདངས་ལྡན་ཕྲ་ཞིང་འཇམ་ལ་རིང་བ་དག་ལྗོན་པའི་ཚོགས་ལ་
གྱི་དྲ་བ་འཕྱང་བ་ལས། །དྲི་ཞིམ་ཕྱོགས་ཀྱི་བུ་མོའི་འགྲམ་པ་རུ། །གར་བའི་རི་མོ་ནད་ཆེན་འཕྲོག་པར་རྒྱུ། །ཡེ་ཤེས་ཚོན་ལྔ་རྫོགས་པའི་འཇའ་འོད་ཀྱི། །རྩིག་པ་དག་པའི་གཞལ་ཡས་ཁང་པ་ན། །བརྟན་པའི་འཁོར་ལོ་གཙོ་འཁོར་ལྔ་པ་དངོས། །ལས་སྐལ་ཀུན་ལ་མཐུན་པར་འཆར་བྱེད་མཚར། །འཕགས་པ་གང་གི་སྤྱོད་པའི་ཡུལ་དམ་པར། །བྱིན་གྱིས་བརླབས་རྒྱ་ཆེ་བས་མ་ཧཱ་ཙི་ན། །གཙུག་ལག་རྩིས་དང་བཟོ་ཡི་རིག་པ་ལ། །མཁས་པའི་གྲགས་པ་ཕུལ་དུ་བྱུང་རྔ་བརྡུང༌། །སྟོང་པའི་ངོ་བོ་གཅིག་ལས་གཞན་མེད་ཀྱང༌། །བུམ་པ་བཟང་པོས་གཞལ་བའི་ནམ་མཁའ་མང༌། །འཇམ་པའི་དབྱངས་གཅིག་ལྷ་དང་མིའི་རྣམ་པ། །གཉིས་ཀྱི་ཚུལ་དུ་མཇལ་བའི་དགའ་སྟོན་བསྐྱངས། །དེར་ནི་རྟོགས་པར་ལྡན་པའི་རྒྱན་དམ་པར། །བླ་མེད་རྡོ་རྗེ་ཐེག་པའི་སྙིང་པོ་ཅན། །མཆོག་གི་དངོས་པོ་ཐམས་ཅད་འདུས་པའི་ལམ། །ཕྱག་རྒྱ་ཆེན་པོ་མིག་གི་ཐུར་མ་སྩལ། །ཞམ་བསིར་