[A:༡༨༥]གྲགས་པའི་རྒྱལ་བ་སྟོང་སྟེ་བདུན་པ་རབ་གསལ་དབང༌། །དུས་གསུམ་གནས་གསུམ་ཀུན་ཏུ་མཛད་པ་རྒྱུན་མི་འཆད་པའི་ཕྲེང་དངར་བ། །དེང་འདིར་ཤཱཀ་ཐུབ་བསྟན་ལས་སྐྱེས་པའི་སྐྱེས་བུ་གནས་ལྔ་རིག་པའི་སྲོག །འཇིག་དང་མི་འཇིག་མངོན་སུམ་བརྟེན་པ་པཎ་ཆེན་ཤཱཀྱ་ཤྲཱི་སྟེ། །རྣམ་འདྲེན་སྟོན་པ་ཉིད་དང་དེའི་བསྟན་པ། །གཉིས་ཀའི་བདག་ཉིད་
ཉན་ཐོས་སྡེ་པ་
བཅོ་བརྒྱད་གྲངས་ཀྱི་ཟོལ། །དེ་ལས་སྙིང་པོའི་ཆར་ཡང་ཡོད་སྨྲའི་སྡེ། །བརྟན་མཁས་གཉིས་ལྡན་མཁན་པོ་ཆོས་ཀྱི་རྗེ། །སྲིད་ལས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི། །རང་གཟུགས་ཕལ་གྱིས་མཐོང་མིན་ལྷུན་པོའི་སྤོ། །བཅུ་གཅིག་ཡོན་ཏན་ཕུང་པོས་གཟེངས་མཐོ་བའི། །ལས་ཀྱི་སློབ་དཔོན་དམ་པ་བྱང་ཆུབ་འོད། །མཁན་པོའི་ངག་གི་འཁོར་སྒྱུར་སྣོད་དེ་ལ། །དྲི་ཚིག་དང་པོར་སྨྲ་བའི་བྱ་མ་རྟ། །ཕན་ཚུན་མཚམས་སྦྱོར་འཆད་ལ་མཁས་པའི་ཕུལ། །གསང་སྟེ་སྟོན་པའི་སློབ་དཔོན་ཞུ་སྟོན་ཆེ། །གཞན་ཡང་གྲངས་ཀྱི་ངེས་མཐའ་རྫོགས་བྱེད་པའི། །བཅུ་གསུམ་གྲངས་དང་གྲངས་མེད་ཡོན་ཏན་གྱིས། །བརྗིད་པའི་སྡོམ་བརྩོན་ཚོགས་ཀྱི་དཀྱིལ་འཁོར་གྱིས་རྒྱ་ཤིན་ཏུ་ཆེ་བ
། །གནམ་ས་ཕྲ་རབ་དག་ཏུ་འགོད་པའི་དབུས། །དགེ་བའི་ལང་ཚོ་དར་བབ་ཉེར་ལྔའི་ལོར། །ཉོན་མོངས་པ་བཞིན་སྐྲ་བཅད་ཐུབ་བསྟན་ལ། །རབ་བྱུང་རྟགས་ཅན་ཐུན་མཚམས་སྤྲིན་ཆགས་ཀྱི། །ལྷ་ཡི་རི་བོ་ལྟར་མཛེས་བསྙེན་པར་རྫོགས། །ཉེས་མེད་ཕུན་སུམ་ཚོགས་པའི་དགེ་སློང་གི །ཚུལ་ཁྲིམས་ཧ་རི་ཙནྡན་དར་བའི་དྲིས། །བྱང་ཆུབ་འདོད་པའི་རི་མོ་འབྲས་ལྡན་བྱེད། །སྡིག་པའི་སྲོག་འཕྲོག་ལེགས་བྱས་ཉེར་འཚོ་བསྟེན། །ཀུན་དགའ་སྐྱེད་བྱེད་རྒྱུ་ཡི་མཆོག་གང་གི །མིང་མཐའི་ཡི་གེ་མཁན་པོ་ཆོས་ཀྱི་རྗེའི། །མཚན་བཟང་རྗེས་སུ་མཐུན་པ་ཤྲཱི་ཡི། །མངོན་པར་དགེ་བའི་མཚན་མས་ཤིས་པར་གྱུར། །དེ་ནས་དེ་ཡི་ཞབས་སེན་མེ་ལོང་ནང༌། །རང་རང་གཟུགས་བརྙན་ཟོལ་གྱིས་སྲིད་པ་གསུམ། །དོགས་པ་མེད་པར་སོང་ཚེ་