[A:༢༡༨]དུང་ཡང༌། །
ས་སྐྱ་པཎྜི་ཏ་
གང་གི་གྲགས་དཀར་འཛག་པའི་རྟེན་དུ་བྱེད་རྒྱུའི་རྒྱན
། །དེ་ཡི་ཉག་མའི་དུད་སྤྲིན་ཕྲ་མོ་ཙམ། །ལྡང་བའི་སྐད་ཅིག་དེ་ལ་བགེགས་ཀྱི་དཔུང༌། །ཕྱེ་མར་འཐུལ་བའི་རྡུལ་ཡང་ཕྱོགས་དེ་ལ། །འཁོར་མི་ ནུས་པའི་མཐུ་ལ་ཡལ་མཐའ་མེད། །དེ་ལྟར་རིགས་པར་སྨྲ་བའི་ཉི་མས་འཇིག་རྟེན་གསུམ་གྱི་སྙིང་ལ་གོམ་པ་བཀོད། །གྲིབ་མ་རིང་པོའི་རང་བཞིན་མི་ནག་སྣང་བ་ཐམས་ཅད་དཀར་པོར་བསྒྱུར་བ་ཡི། །དགེ་བ་མཐའ་དག་སྤུངས་པའི་ཆོས་ཀྱི་བློ་གྲོས་ནོར་ལྡན་བློ་ཡིས་བཟུང་གྱུར་པའི། །ཆ་ཤས་རེས་ཀྱང་ལྷ་དང་མི་ཡི་སྟོན་པའི་བསྟན་པ་ཡོངས་སུ་འདེགས་པར་མཛད། །འཇམ་དབྱངས་མིའི་སྲིད་པ་འཛིན་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བསྐལ་པ་བཟང་པོའི་ལེགས་ལམ་ལས། །མཚུངས་པ་མེད་པའི་རིག་པས་ལོག་པར་སྨྲ་བ་རྣམས་ཚར་བཅད་པའི་སརྒ་སྟེ་དྲུག་པའོ།། །།ཆོས་ཀྱི་པདྨ་རྫོགས་པར་བྱང་ཆུབ་འདབ་མ་སྟོང་དུ་བཞད་དང་ཡངས་པའི་དཔལ། །གྲུབ་པ་མཆོག་གི་ལས་ལ་སྦྱོར་བའི་ལེགས་བཤད་གེ་སར་སྐྱུགས་པའི་རྡུལ་རེ་ཡང༌། །གསེར་དུ་སྣང་བའི་རིན་ཆེན་འདི་ལ་རིན་ཐང་དེ་ཉིད་གཞལ་དུ་མེད་པའི་ཆར། །ཆེ་བས་འཇིག་རྟེན་མ་ལུས་གང་བའི་དཔལ་གྱི་དགེ་བ་དར་ལ་བབ་པར་འཇོ། །བླ་ན་མེད་པའི་ཡེ་ཤེས་གཏེར་ཐོབ་པ། །དག་པའི་སངས་རྒྱས་དེ་དང་དབྱེར་མེད་དུ། །འདོད་པ་བཀོད་པའི་དམ་ཆོས་རྟག་པའི་སྒྲ། །མི་ཟད་རྒྱན་གྱི་འཁོར་ལོ་དཔག་ཏུ་མེད། །དེ་ཡང་རྒྱལ་བའི་འདུས་ཞལ་གཅིག་ཏུ་རང༌། །བསྟན་པའི་སྣང་བས་མཛེས་པ་ཟླ་བའི་ཆ། །ཀུན་ཏུ་རྟོག་པ་མེད་པའི་འཛུམ་དཀར་ལས། །གདུང་བ་མ་ལུས་སེལ་དང་མཆོག་ཞི་བ། །སྣ་ཚོགས་སེམས་ཅན་བསམ་པའི་དབང་ཤེས་ཀྱིས། །རི་མོར་བྲིས་པ་འཁོར་བའི་མྱ་ངན་མེད། །སྐལ་བར་མཚམས་སྦྱོར་དཔྱིད་དང་འགྲོགས་པའི་ཆོས། །རེ་རེས་ཐར་པའི་གྲོང་དུ་བདེར་འཇུག་པ། །འབྲས་བུ་དམ་པའི་དཔལ་གྱིས་གཡུར་ཟ་ལ། །ལེགས་ལམ་རྟག་ཏུ་དཀར་