[A:༢༣༢]རྩི་ལས་ཀྱང་བདའ་བའི་ཆོས་ཇི་སྙེད། །ས་སྐྱར་བདག་ཉིད་ཆེ་དེ་གསུང་བའི་ཚེ། །
བར་སྣང་ནས་འདི་སྐད་དུ་གྲགས་ཏེ་
བྱང་ཆེན་སྨྲ་བའི་རྒྱལ་པོའི་རིགས་དམ་པ། །མི་ཉིད་ཚུལ་དུ་སྐྱེས་རབས་ཉེར་བདུན་གྱི། །བར་དུ་གནས་ལྔ་རིག་པའི་པཎྜི་ཏ། །ཚར་དུ་དངར་བར་ཟློས་པ་ཁྱོད་ཅིག་གྲང་ཞེས་པ་དང་
། །བཅོམ་ལྡན་འདས་སྐུ་དཔེ་མེད་རྡོ་རྗེ་འཆང༌། །དངོས་སྨྲའི་མགོན་པོ་གྲགས་པ་རྒྱལ་མཚན་གྱི། །སྤྲུལ་པ་ས་གསུམ་མུན་པས་དབུལ་བྱེད་པའི། །མི་ཡི་ཉི་མ་རྩོད་པ་མེད་ཁྱོད་ཤར། །ནམ་མཁའ་ཕ་རོལ་མེད་པའི་དམ་ཚིག་པར། །ཡེ་ཤེས་སེམས་དཔའ་ཕབ་པའི་རྒྱལ་བ་ཡི། །དཀྱིལ་འཁོར་རབ་ཏུ་འབྱམས་པས་མ་འགྲོངས་པའི། །སེམས་ཅན་མཐའ་ཡས་ཁྱོད་ཀྱིས་འདྲེན་འགྱུར་ཞེས། །རང་གི་ཡོན་ཏན་ཁ་རླངས་མངར་པོའི་རོ། །སྙིང་བསྟན་རི་བོའི་སུལ་དུ་མྱངས་པའི་འབྲུག །བསྔགས་འོས་དབྱར་ལ་བབ་པ་ནཱ་དའི་སྒྲས། །སྐལ་བཟང་གཙུག་ཕུད་ཅན་མང་གར་ལ་འཛུག །བར་དུ་གཞན་གྱིས་མ་ཆོད་མིར་སྐྱེ་བ། །ཉེར་ལྔར་རྡོ་རྗེ་རྣོན་པོས་རྗེས་སུ་བཟུང༌། །དེ་འདྲ་རྒྱལ་བའི་རིགས་བརྒྱུད་མུ་ཏིག་གི །འཁྲི་ཤིང་མངོན་མཐོའི་དཔྱིད་ཀ་ཡིན་མོད་འདིར། །གདུལ་བྱའི་ཁམས་ལ་བསྟན་པ་དྲང་དོན་ཅན། །ངེས་པའི་དོན་དུ་འཇམ་པའི་དབྱངས་ངོ་བོ། །ཉིད་གྱུར་གསར་པའི་ཞལ་གྱི་དཀྱིལ་འཁོར་དངོས། །བོ་དོང་བརྩོན་འགྲུས་རྡོ་རྗེ་ལ་སོགས་
དག་པའི་བློ་ཅན་རྣམས་ཀྱིས་གསལ་པོར་མཐོང༌། །མཉྫུ་གྷོ་ཥ་ཀཱིརྟི་སྟེ་འཇམ་དབྱངས་གྲགས་པ་ཞེས་བྱ་བ
འི་མཚན་ལྡན་པས། །འཆི་མེད་ཞལ་ཟས་དྲི་རོ་ཅན་བཤམས་པའི། །མགྲོན་དུ་གཉེར་བྱ་འཁོར་བ་ལས་སྒྲོལ་མ། །དངོས་བྱོན་དགེས་པར་རོལ་ལ་ནམ་ཞིག་ན། །དེར་མ་གཤེགས་པར་གསོལ་བ་དྲག་གདབ་ཚེ། །བྱོན་པར་
སྣང་ཡང་རྒྱབ་ཀྱིས་ཕྱོགས་ལ་ཞལ་མ་བསྟན་གྱུར་པ་དེའི་ཚེ
། །མ་གཅིག་ཅེས་བོད་ནས་
གནས་སྐབས་འདི་ནི་ཅི་ལས་རྐྱེན། །དེ་སྐད་ལན་དུ་ཀྱེ་མ་འཇམ་དཔལ་དང༌། །དབྱེར་མེད་ས་སྐྱ་པཎྜི་ཏ་ལ་ཁྱོད། །གཤེ་དང་ལོག་ལྟས་ལེགས་པའི་ལམ་སྒྲིབས་ཏེ། །བདག་ཞལ་བལྟ་བའི་
སྐལ་བའི་མིག་རབ་ལྡོངས་པར་གྱུར་ཏ་རེ། །