R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༠༠
[A:༣༠༠]བའི་བཤེས་གཉེན་དགེ་འདུན་དང་བཅས་པ་སྤྱན་དྲངས་ཏེ། དེའི་ཚེ་རབ་ཏུ་བྱུང་བ་ཁྲི་ཕྲག་དུ་མ་ཚོགས་ཤིང༌། སྡེ་སྣོད་འཛིན་པ་སྟོང་ཕྲག་དུ་མ་ཚོགས་ལ། ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་གདུགས་འཛིན་པ་སྟོང་དུ་ཚང་བ་བྱུང་བར་གྱུར་ཏེ། དེ་དག་ཐམས་ཅད་ཀྱིས་རང་རང་གི་སྦྱངས་པའི་གཞུང་ལུགས་སོ་སོ་ལ་འཆད་པ་དང༌། ཉན་པ་དང༌། འབེལ་བའི་གཏམ་གྱིས་ཉིན་མཚན་འདའ་བར་བྱེད་ཅིང་ཐུབ་པའི་བསྟན་པ་གསལ་བར་བྱས་ལ། བདག་ཉིད་ཆེན་པོ་འདི་ཉིད་ཀྱིས་ཀྱང་ཀྱེ་རྡོ་རྗེ་རྩ་བའི་རྒྱུད་བརྟག་པ་གཉིས་པ་དང༌། སློབ་དཔོན་དཔའ་བོས་མཛད་པའི་དེ་བཞིན་གཤེགས་པའི་སྐྱེ་རབས་སུམ་ཅུ་རྩ་བཞི་ལ་སོགས་པ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཕུང་པོ་དུ་མ་རྣམ་པར་ཕྱེ་ཞིང་བསྟན་ལ། སྐྱེས་པའི་རབས་ལ་སོགས་པའི་ཚིག་དང་དོན་གྱི་ཆ་འགའ་ཞིག་ལ། བོད་ཀྱི་མཁས་པ་རྣམས་ལ་སྔོན་ཆད་མ་གྲགས་པའི་སྡེབ་སྦྱོར་གྱི་མཚན་ཉིད་དུ་མ་དང༌། རྒྱན་གྱི་རྣམ་པར་དབྱེ་བ་སྣ་ཚོགས་པ་དང༌། རྨད་དུ་བྱུང་བའི་དོན་མ་གསལ་བར་མཛད་པས། དེའི་ཚེ་དེར་འདུས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཤིན་ཏུ་ངོ་མཚར་བར་གྱུར་ཏེ། མཁས་པའི་ང་རྒྱལ་ནི་ཡང་ཡེ་མེད་པར་གྱུར་ཏོ། །ཇི་ལྟར་ཉི་མའི་དཀྱིལ་འཁོར་ཤར་བ་ཡིས། །འོད་ཟེར་གཞན་རྣམས་ཟིལ་གྱིས་མནན་པ་བཞིན། །ཆོས་ཀྱི་ཉི་མ་འདི་ནི་དེང་ཤར་བས། །མཁས་པར་རློམ་པའི་དྲེགས་པ་བཅོམ་པར་གྱུར། །དེ་ལྟར་འདུས་པའི་ཚོགས་ཐམས་ཅད་བསྙེན་བཀུར་གྱ་ནོམ་པ་དང༌། ཇི་ལྟར་འཚམ་པའི་ཡོན་གྱིས་གཉེས་པར་བྱས་ནས། སྐབས་ཀྱི་དོན་བརྡ་སྤྲོད་པ་ཡང་བདག་ཉིད་ཆེན་པོ་འདིས་མཛད་པ་ཡིན་ཏེ། ཀ་ལ་པིང་ཀ་དང་ཚངས་པའི་དབྱངས་ལྟར་སྙན་ཅིང་འཇམ་པའི་ངག་གིས་ཚིག་འབྲུ་དང༌། ཡི་གེ་གསལ་ཞིང་མ་འདྲེས་ལ། འབྲེལ་ཞིང་མ་ལྡབས་པ་དང༌། ཟློས་སྐྱོན་མེད་པ་དང༌། མི་འགལ་ཞིང་སྐབས་སུ་བབས་པ་དང༌། གོ་རིམ་ངེས་པ་དང༌།