[A:༣༠༡] འཚམ་པ་དང༌། ཚིག་གི་རྒྱན་རྣམ་པར་སྣ་ཚོགས་དུ་མས་སྤྲས་ཤིང༌། སྐྱེ་བོ་ཐམས་ཅད་ཀྱི་ལུས་དང་སེམས་རྟས་པར་བྱེད་པ་དང༌། རྣ་བ་དང་སྙྀང་མངོན་པར་འཕྲོགས་པའི་ངག་མི་ལས་འདས་པ་འཕགས་པའི་དབྱངས་ཕུན་སུམ་ཚོགས་པས་སྐབས་ཀྱི་དོན་གསལ་བར་བརྡ་སྤྲད་པ་ན། དེའི་ཚེ་འདུས་ཤིང་ཚོགས་པའི་ཆོས་སྨྲ་བའི་སྐྱེས་བུ་ཆེན་པོ་སྟོང་ཕྲག་དུ་མ། ངུར་སྨྲིག་འཛིན་པའི་ཚོགས་སྡེ་སྣོད་འཛིན་པ་དང་བཅས་པ་སྐྱེ་དགུ་ཐམས་ཅད་ངོ་མཚར་བར་གྱུར་ཏེ། ཨ་ལ་ལ་འདི་ལྟ་བུའི་ན་ཚོད་གཞོན་ནུ་ལ་འདི་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བ་འདི་ནི་ངེས་པར་འཕགས་པ་སྟེ། འཕགས་པའི་མཆོག་འདི་ལ་ཕྱག་འཚལ་ལོ་ཞེས་བརྗོད་ཅིང་སྒྲོགས་པར་གྱུར་ཏེ། དེའི་ཚེ་སྙན་པའི་གྲགས་པས་ཕྱོགས་ཀྱི་ཐ་གྲུ་ཐམས་ཅད་ཁྱབ་པར་གྱུར་ཏོ། །དེ་ཚེ་ཕྱོགས་བཞིར་འགྲོ་བའི་སྐྱེ་བོ་རྣམས། །འཕགས་པའི་ཡོན་ཏན་ཁོ་ན་རྗེས་དྲན་པས། །གཏམ་གཞན་གླེང་བའི་གོ་སྐབས་མེད་པ་བཞིན། །འདི་ཡི་ཡོན་ཏན་ཁོ་ན་སྒྲོགས་པར་གྱུར། །དེ་ནས་དགུང་ལོ་དགུ་པ་ལ་ཉེ་བར་གྱུར་པ་ན། མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏའི་སྙན་པའི་བ་དན་ཕྱོགས་ཀུན་ཏུ་གཡོ་བས་ས་ཆེན་པོའི་སྟེང་ན་གནས་པའི་མིའི་དབང་པོ་དབང་ཕྱུག་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་ལེགས་པར་བཤད་པའི་བསིལ་ཟེར་དུ་མ་འབྱིན་པའི་ཞལ་གྱི་ཟླ་བ་བལྟ་བར་འདོད་པར་གྱུར་ཏེ། ལྷོ་ཕྱོགས་ན་རྒྱ་གར་གྱི་རྒྱལ་པོ་དང༌། ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་རྒྱལ་པོ་ལ་སོགས་པས་གདན་འདྲེན་པའི་ཕོ་ཉ་བ་སྣ་ཚོགས་བྱུང་བ་ལས། ཁ་བ་ཅན་པ་རྣམས་ལ་ཐུགས་རྗེས་གཟིགས་ཤིང་སྔོན་གྱི་སྨོན་ལམ་གྱི་དབང་གིས་སྐྱེ་བ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཡུལ་ཁྱད་པར་ཅན་ལ་བསོད་ནམས་བསགས་པའི་རྒྱུ་མཐུན་གྱིས་ཧོར་གྱི་རྒྱལ་པོ་ཇི་གྱིམ་གན་ཞེས་སྐུ་འཁྲུངས་པ་དེའི་གདུང་བརྒྱུད། རྒྱལ་སྲིད་ཡངས་པ་ལ་མངའ་བྱེད་པའི་རྒྱལ་བུ་གོ་དན་གྱིས་གདན་དྲངས་ཏེ། བདག་ཉིད་ཆེན་པོ་འཕགས་པ་སྐུ་མཆེད་དང་