[A:༢༩༩]ལགས་ཞེས་ཞུས་པ་དང༌། ཆོས་ཀྱི་རྗེའི་ཞལ་ནས། ཡི་གེ་དང་སྐད་ལ་སོགས་པ་འདི་དག་འདི་ཙམ་ན་ཤེས་ཀྱིན་འདུག །འདི་ཙམ་ན་མི་ཤེས་འདུག་བྱ་བ་ནི་ཁོ་བོས་ཀྱང་མི་ཤེས་ཏེ། འོན་ཀྱང་འདི་ལ་ནི་ཡོན་ཏན་འདི་དག་དང༌། འདི་བས་ཆེས་སྨད་དུ་བྱུང་བ་དུ་མ་མངའ་སྟེ། དེ་དག་ཐམས་ཅད་ལྷུན་གྱིས་གྲུབ་པའོ་ཞེས་གསུངས་ལ། དེ་ཉིད་ཀྱིས་མཛད་པའི་སྡེབ་སྦྱོར་གྱི་བསྟན་བཅོས་ལས། མཁས་པ་ལ་ལ་མཚོ་བཞིན་ངང་གིས་འདུ། །ལ་ལ་རྒྱལ་པོའི་བུ་བཞིན་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ཡང་དོན་དེ་ཉིད་ལ་དགོངས་པ་ཡིན་ནོ། །དེ་ལྟར་བདག་ཉིད་ཆེན་པོ་འདི་ནི་གཞོན་ནུ་ཉིད་ནས་མཁྱེན་རབ་ཕུན་སུམ་ཚོགས་ཤིང་ཆོས་ཀྱི་མངའ་བདག་ཆེན་པོར་གྱུར་པ་ཡིན་ལ། །དགུང་ལོ་གསུམ་བཞེས་པའི་དུས་ན་ཀྱེའི་རྡོ་རྗེའི་སྒྲུབ་ཐབས་མཚོ་སྐྱེས་རྡོ་རྗེས་མཛད་པ་ལ་སོགས་པ་དང༌། གཞན་ཡང་གསང་སྔགས་ཀྱི་ཆོས་ཟབ་མོ་དུ་མ་གསུངས་པས་འགྲོ་བ་མང་པོའི་རྒྱུད་སྨིན་ཅིང་གྲོལ་བར་མཛད་དོ། །དེའི་ཚེ་སྐྱེ་དགུ་ཐམས་ཅད་ཤིན་ཏུ་ངོ་མཚར་བར་གྱུར་ཏོ། །ཐམས་ཅད་ཀྱིས་ཚིགས་མཐུན་པར་འདི་ནི་ཕལ་པ་མ་ཡིན་ཏེ། སོ་སོ་སྐྱེ་བོ་ལ་འདི་ལྟ་བུའི་རྣམ་པར་ཐར་པ་ག་ལ་འབྱུང༌། འདི་ནི་ངེས་པར་འཕགས་པའོ་ཞེས་ཕྱོགས་ཐམས་ཅད་དུ་སྒྲོགས་པར་གྱུར་ཏོ། །དེའི་དུས་ཀྱི་ཆོས་ཁྲི་ནི་དད་པ་ཅན་རྣམས་ཀྱིས་ཕྱག་བྱ་བའི་གནས་ད་དུང་ཡང་ཡོད་དོ། །དེ་ནས་དགུང་ལོ་བཞི་པ་དང༌། ལྔ་པ་དང༌། དྲུག་པ་དང༌། བདུན་པ་དག་ལ་ནི་མཁྱེན་རབ་ཀྱི་དབང་ཕྱུག་པཎྜི་ཏ་ཉིད་ལ་མངའ་བའི་དབང་དང༌། བྱིན་རླབས་ཀྱི་བཀའ་དུ་མ་དང༌། མན་ངག་དང༌། ཟབ་པ་དང༌། རྒྱ་ཆེ་བའི་ཆོས་ཀྱི་སྒོ་དུ་མ་གསན་ཞིང་ཁོང་དུ་ཆུད་པར་མཛད་ལ། གཞན་དག་ལ་ཡང་རྒྱ་ཆེར་སྟོན་པར་མཛད་དོ། །དེ་ནས་དགུང་ལོ་བརྒྱད་པ་ལ་ནི་ཆོས་ཀྱི་རྗེ་ཉིད་ཀྱིས་སྔོན་དུ་འགྲོ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་མཛད་པ་ལ། དབུས་གཙང་གི་དགེ་