R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༠༥
[A:༣༠༥]བརྡ་ཐོག་མར་མཛད་པ་དེ་ནི་སྡུད་པ་པོ་ཡིན་པར་འཇིག་རྟེན་དབང་ཕྱུག་གིས་གསུངས་པའི་ཕྱིར་རོ། །དེ་ལྟར་སྐྱེས་བུ་དམ་པ་འདིས་འགྲོ་བ་དུ་མའི་དོན་མཛད་ཅིང༌། ཐུབ་པའི་བསྟན་པ་གསལ་བར་མཛད་ནས། སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ། སངས་རྒྱས་ཐམས་ཅད་ཀྱི་མཁྱེན་རབ་གཅིག་ཏུ་བསྡུས་པའི་སྐུ། གཞོན་ནུའི་ས་ལ་གནས་པའི་སངས་རྒྱས་ཐམས་ཅད་ཀྱི་སྲས་པོ་དམ་པ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བཞུགས་པའི་གནས་རི་བོ་རྩེ་ལྔར་གྲགས་པ་དེར་དབྱར་ཟླ་བ་གསུམ་ལྗོངས་རྒྱུ་ཞིང་བྱོན་ཏེ། དེའི་ཚེ་སྐྱེ་བོ་ཐམས་ཅད་ཀྱིས་མངོན་སུམ་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པར་རོལ་པས་སྔོན་མ་བྱུང་བའི་འོད་ཀྱི་དྲ་བ་ལ་སོགས་པས་བསུ་བ་དང་མཆོད་པའི་ཁྱད་པར་རྒྱ་ཆེན་པོ་བྱུང་ངོ༌། །དེའི་ཚེ་བདག་ཉིད་ཆེན་པོ་འདིས་རྗེ་བཙུན་འཇམ་པའི་དབྱངས་བཞུགས་པའི་གནས་རི་བོ་རྩེ་ལྔ་ལ་བསྟོད་པ་ཡང་རྒྱ་ཆེར་མཛད་དེ། འདིའི་རྣམ་པར་ཐར་པ་རྒྱས་པར་ཤེས་པར་འདོད་ན་དེ་དག་ཏུ་བལྟ་བར་བྱའོ། །དེ་ནས་སླར་ཡང་རྒྱལ་པོ་ཆེན་པོའི་ཕོ་བྲང་དུ། རྒྱལ་པོས་འབྱོར་པ་ཆེན་པོས་གདན་དྲངས་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང༌། ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བ་རྒྱ་ཆེར་མཛད་པའི་ཚེ། རྒྱའི་ཡུལ་དུ་སྔོན་བྱུང་བ་ཐའི་ཤང་ལམ་གིན་ཞེས་བྱ་བའི་རྗེས་སུ་འབྲངས་པ། ཟིན་ཤིང་ཞེས་བྱ་བའི་སྡེ་རབ་ཏུ་མང་པོ་གནས་པ་རྣམས་ལྟ་བ་ངན་པ་ལ་མངོན་པར་ཞེན་ནས། དེ་དག་དང་གཞན་དག་ལ་ཡང་གནོད་པར་འགྱུར་བ་གཟིགས་ནས་མིའི་དབང་པོའི་བཀས་ལོག་པའི་གྲུབ་མཐའ་འདི་དག་ཆོས་དང་མཐུན་པར་སུན་ཕྱུང་ཤིག་ཅེས་བསྐུལ་ནས། ཟིན་ཤིང་གི་སྟོན་པ་རིང་དུ་སྦྱངས་པས་རང་གི་གཞུང་ལུགས་ཀྱི་མཐར་སོན་པ་བཅུ་བདུན་ཡང་དག་པའི་རིགས་པས་ཕམ་པར་མཛད་ནས་ལྟ་བ་ངན་པ་བཟློག་སྟེ། ཡང་དག་པའི་ལྟ་བ་འཛིན་དུ་བཅུག་ནས་རབ་ཏུ་བྱུང་སྟེ་ཐུབ་པའི་བསྟན་པ་ཆེས་ཆེར་གསལ་བར་མཛད་པ་ཡིན་ཏེ། དེ་ཉིད་ཀྱི་ཚེ་