[A:༣༠༤]བདག་པོ། མིའི་བདག་པོ་གོ་པེ་ལའི་ཕོ་བྲང་དུ་བྱོན་ཏེ། ཐེག་པ་གསུམ་གྱི་ཆོས་ཀྱི་གཏམ་གྱིས་དད་པར་བྱས་ནས། སླར་ཡང་མིའི་བདག་པོ་གོ་པེ་ལ་སྲས་དང༌། བཙུན་མོ་དང༌། བློན་པོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་སྤྱི་བོས་ཞབས་ཀྱི་པདྨོ་ལ་གཏུགས་ཤིང༌། ཤིན་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་དུ་མ་ཞུས་ཏེ། བདག་ཉིད་ཆེན་པོ་ལ་མི་ཕྱེད་པའི་དད་པ་ཐོབ་ནས། ཐུབ་པའི་བསྟན་པ་རིན་པོ་ཆེའི་རྩ་ལག་གཅིག་པུར་གྱུར་ཏོ། །དེ་ནས་རྒྱལ་པོ་ཆེན་པོ་དེ་རྒྱལ་བའི་བསྟན་པའི་རྩ་ལག་དམ་པར་གྱུར་པ་ཆོས་ཀྱི་རྒྱལ་པོར་གྱུར་ནས། ཆོས་བཞིན་རྒྱལ་སྲིད་སྐྱོང་ཞིང༌། སའི་སྟེང་ན་གནས་པའི་འགྲོ་བ་གང་ཞིག་སྔོན་ཆད་དམ་པའི་ཆོས་དང༌། སངས་རྒྱས་ཀྱི་མཚན་མ་གྲགས་པ་རྣམས་སུ་ཡང༌། དམ་པའི་ཆོས་ཀྱི་ཚུལ་ཆེན་པོ་དར་བར་མཛད་དེ། རྒྱལ་པོ་ཆེན་པོ་དེའི་ཆབ་འོག་ན་གནས་པའི་སྐད་རིགས་མི་གཅིག་པ་དུ་མ་ལ་བདག་ཉིད་ཆེན་པོ་འདིས་ཐེག་པ་གསུམ་གྱི་ཆོས་ཀྱི་ཆར་ཆེན་པོ་ཕབ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་མཛད་ཅིང༌། གདུལ་བྱ་སྐལ་བ་དང་ལྡན་པ་བགྲང་བ་ལས་འདས་པ་ནི་རྡོ་རྗེ་ཐེག་པར་དབང་བསྐུར་ནས་སྨིན་ཅིང་གྲོལ་བར་མཛད་དེ། བདག་ཉིད་ཆེན་པོ་འདིའི་ཞལ་ནས། སྐད་རིགས་མི་གཅིག་པ་བཅུ་བཞི་ལ་དབང་བསྐུར་བ་མཛད་ཅེས་གསུངས་པ་ཡིན་ནོ། །དེ་ལྟར་སྐད་རིགས་མི་གཅིག་པ་དུ་མ་ལ་ཆོས་ཀྱི་བརྡ་དང༌། ཐ་སྙད་དུ་མས་གསལ་བར་མཛད་ཅིང༌། ཁྱད་པར་དུ་མིའི་དབང་པོ་གོ་པེ་ལའི་གསུང་གིས་རྒྱ་ནག་ལ་སོགས་པ་རྣམས་ལ་རང་རང་གི་ཡི་གེ་ཡོད་པ་བཞིན་དུ་ངེད་ཧོར་རྣམས་ལ་ཡང་ངེད་རང་གི་སྐད་ཀྱིས་བཀླགས་པས་ཆོག་པའི་ཡི་གེ་མཛད་པར་ཞུ་ཞེས་བསྐུལ་ན་སྔོན་ཆད་ཧོར་རྣམས་ལ་ཡི་གེ་མེད་པ་ལ། བདག་ཉིད་ཆེན་པོ་འདིས་ཡི་གེ་ཁྱད་པར་དུ་འཕགས་པ་མཛད་པ་ཡིན་ནོ། །དེས་ན་འདི་ནི་མངོན་པར་སྡུད་པ་པོ་རྣམས་ཀྱི་རྣམ་པར་རོལ་པས་སེམས་ཅན་གྱི་དོན་མཛད་པ་ཡིན་ཏེ། དུས་ཀྱི་འཁོར་ལོའི་འགྲེལ་པ་དྲི་མ་མེད་པའི་འོད་ལས། ཡུལ་གང་དུ་ཡི་གེ་དང་