R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༠༦
[A:༣༠༦]བདག་ཉིད་ཆེན་པོས་ཟིན་ཤིང་བཏུལ་བའི་ཚིགས་སུ་བཅད་པ་ལས། དེ་བློ་དག་པ་ལྕགས་ཀྱི་ཁམས། །ཡང་དག་གསུངས་པའི་བསྟན་པ་ཡིས། །གསེར་འགྱུར་རྩི་ཡིས་རབ་སྦྱངས་ནས། །ཐུབ་པའི་བརྟུལ་ཞུགས་ལེགས་འཛིན་པའི། །སྔོམ་བརྩོན་དམ་པར་བདག་གིས་བསྒྱུར། །ཞེས་གསུངས་པ་ཡིན་ནོ། །དེའི་ཚེ་བདག་ཉིད་ཆེན་པོ་འདིའི་གྲགས་པ་དང༌། སྙན་པ་དང༌། སྒྲ་དང་ཚིགས་སུ་བཅད་པ་དེས་ཕྱོགས་ཀྱི་ཐ་གྲུ་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏོ། །དེ་ནས་ཤར་ཕྱོགས་ཀྱི་རྒྱལ་ཁམས་ཆེན་པོ་རྣམས་སུ་རྒྱལ་བའི་བསྟན་པ་དར་བར་མཛད་ཅིང༌། འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་ནས། སླར་ཡང་ཁ་བ་ཅན་པ་རྣམས་ལ་ཐུགས་རྗེས་གཟིགས་ཤིང༌། གདན་ས་ཆེན་པོ་ནས་གསོལ་བ་འདེབས་པ་རྣམས་ལ་ཐུགས་བརྩེ་བར་དགོངས་ནས། བོད་ཀྱི་ཡུལ་དང༌། གདན་ས་ཆེན་པོར་རིམ་གྱིས་བྱོན་ཏེ། དེ་དག་རྣམས་ཀྱི་ལམ་དུ་ཡང་གདུལ་བྱ་དཔག་ཏུ་མེད་པའི་རྒྱུད་སྨིན་ཅིང་གྲོལ་བར་མཛད་དོ། །དེའི་ཚེ་བདག་ཉིད་ཀྱི་ཕྱག་ཏུ་ལོངས་སྤྱོད་ཀྱི་དངོས་པོ་བཟང་ཞིང་རྒྱ་ཆེ་བ་བྱུང་བ་རྣམས་ལ། འགའ་ཞིག་ནི་རྡོ་རྗེ་གདན་ལ་སོགས་པའི་གནས་ཁྱད་པར་དུ་འཕགས་པ་རྣམས་དང༌། མཆོད་པར་འོས་པ་རྣམས་ལ་མཆོད་པའི་རྫས་སུ་ཕུལ་ལ། འགའ་ཞིག་ནི་གཙུག་ལག་ཁང་དང་དེ་བཞིན་གཤེགས་པའི་སྐུ་དུ་མ་བཞུགས་པའི་མཆོད་རྟེན་རིན་པོ་ཆེ་དུ་མ་ལས་གྲུབ་པའི་སྒོ་མང་ཤིན་ཏུ་མཚར་ཞིང་རྒྱ་ཆེ་བ་རྒྱབ་ཡོལ་དང་བཅས་པ་བཞེངས་པ་དང༌། བླ་མ་གོང་མ་རྣམས་ཀྱི་སྐུ་འབུམ་ལ་གསེར་གྱི་གདུགས་ཆོས་འཁོར་ལ་སོགས་པ་མཛད་དོ། །འགའ་ཞིག་ནི་དེ་བཞིན་གཤེགས་པའི་གསུང་རབ་དུ་མ་རིན་པོ་ཆེ་ལས་བཞེངས་སོ། །འགའ་ཞིག་ནི་དགེ་འདུན་དུ་མའི་མཆོད་པའི་རྒྱུན་ནར་མར་མཛད་ཅིང༌། འགའ་ཞིག་ནི་དགེ་སྦྱོང་དང༌། བྲམ་ཟེ་དང༌། ཕོངས་པ་རྣམས་ལ་སྦྱིན་པ་རྒྱ་ཆེན་པོ་མཛད་དེ། བདག་ཉིད་ཀྱི་དོན་དུ་ཡོངས་སུ་མ་བཟུང་ཞིང་གཞན་གྱི་དོན་ཁོ་ནར་མཛད་དོ། །དེ་ལྟར་བདག་ཉིད་ཆེན་པོ་འདི་གདན་སར་ཕེབས་པའི་མོད་ལ་ས་ཆེན་པོ་འདི་ཡང་