[A:༣༡༣]རྣམ་པར་འཇོམས་པའི་རིག་པ་གཏད་པའི་ཆོ་ག་ཞུས་ནས། དེའི་སྒྲུབ་ཐབས་ཡན་ལག་དང་བཅས་པ། སྲུང་བ་ལྔའི་རིག་པ་གཏད་པའི་ཆོ་ག་ཞུས་ནས། དེའི་སྒྲུབ་ཐབས་ཡན་ལག་དང་བཅས་པ་གསན་ནོ། །རྒྱལ་བུ་སྤྲིན་གྱི་ཤུགས་ཅན་ལས་བརྒྱུད་པའི་ཕྱག་ན་རྡོ་རྗེ་མཁའ་འགྲོ་སྐོར་གསུམ་དུ་གྲགས་པའི་རིག་པ་གཏད་པའི་ཆོ་ག་ཞུས་ནས། དེའི་སྒྲུབ་ཐབས་ཡན་ལག་དང་བཅས་པ་དང༌། སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ལས་འོངས་པའི་རྗེ་བཙུན་སྒྲོལ་མའི་བསྟོད་པ་མེ་ཏོག་ཕྲེང་བ་འཛིན་པ། དེ་དང་འབྲེལ་བའི་ལྷ་ལྔ་སྤྱིའི་སྒྲུབ་ཐབས་དང༌། སོ་སོའི་སྒྲུབ་ཐབས་ལ། སོ་སོའི་ལས་ཚོགས་དང་བཅས་པ། སྒྲོལ་མ་ཕྱག་གཉིས་མའི་སྒྲུབ་ཐབས། དོན་ཡོད་ཞགས་པ་ཕྱག་མངས། རྟ་མགྲིན། གཙུག་ཏོར་གདུགས་དཀར་མོ་ཅན་གྱི་གཟུངས་འདོན་ཐབས། སྒྲུབ་ཐབས་དང༌། སོ་སོའི་ལས་ཚོགས་དང་བཅས་པ་གསན་ནོ། །ཡང་ཕྱག་ན་རྡོ་རྗེའི་མངོན་རྟོགས་སློབ་དཔོན་འགྲོ་བཟང་གིས་མཛད་པའི་གཏོར་མའི་ཆོ་ག །སྦྱིན་སྲེག་གི་ཆོ་ག །འཁྲུལ་འཁོར་གྱིས་བཅིངས་པ། བསྐྲད་པའི་འཁྲུལ་འཁོར། བགེགས་ལ་བསྣུན་པའམ། ཞི་བའི་ས་གཏེར་གཞུག་པའི་ཆོ་ག །འབྱུང་བ་བཞི་དང་འབྲེལ་བའི་ལས་སྦྱོར་བརྒྱད། གཟུངས་རིང་དང་འབྲེལ་པའི་སྒོམ་བཟླས། ཕྱིར་བཟློག་པའི་ཆོ་ག་སྟེ་ཕྱག་ན་རྡོ་རྗེའི་སྐོར་དང༌། རྣམ་སྲས་བདེ་བྱེད་ཀྱི་རྟོག་པ། དྲག་བྱེད་ཀྱི་རྟོག་པ། ཤུ་རང་ག་ཝརྨས་མཛད་པའི་སྒྲུབ་ཐབས་གཏོར་མའི་ཆོ་ག །ལས་སྣ་ཚོགས་དང་བཅས་པ་གསན་ཅིང༌། མགོན་པོ་ཕྱག་བཞི་པའི་རྗེས་གནང་ཞུས་ནས། དེའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དང༌། དབང་ཕྱུག་ཆེན་པོས་མཛད་པའི་རྩིས་ཀྱི་གཙུག་ལག་དབྱངས་འཆར་བ་ཞེས་བྱ་བའི་རྒྱུད་སྟོང་ཕྲག་གཅིག་པ་མན་ངག་དང་བཅས་པ་གསན་ནོ། །ཡང་དགེ་བའི་བཤེས་གཉེན་མཆིམས་ནམ་མཁའ་གྲགས་ལས་ཤེས་རབ་ཀྱི་