[A:༣༢༢]བརྩོན་སེང་གེ་ཟིལ་གནོན་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ། སོ་སོར་ཐར་པའི་ཚིག་གི་བརྗེད་བྱང་ཞེས་བྱ་བ་སྔོན་གྱི་པཎྜི་ཏ་དཱ་ན་ཤཱི་ལས་མཛད་པར་གྲགས་པ་སྟེ་ཆོས་ཀྱི་རྣམ་གྲངས་གཉིས་གསན་ཅིང༌། སློབ་དཔོན་དགེ་བའི་བཤེས་གཉེན་འབྲས་ཁུད་པ་ལས། རྗེ་བཙུན་རྣལ་འབྱོར་མ་ཞལ་གཉིས་མའི་གཞུང༌། དེ་ཁོ་ན་ཉིད་གྲུབ་པའི་འགྲེལ་པ། གཞན་ཡང་སྲུང་བ་དང༌། གསོ་དཔྱད་ལ་སོགས་པའི་མན་ངག་འགའ་ཞིག་གསན་ནོ། །སློབ་དཔོན་དགེ་བའི་བཤེས་གཉེན་སྡོམ་བརྩོན་དམ་པ་མངོན་པ་བ་དབང་ཕྱུག་བརྩོན་འགྲུས་ལས་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ། བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ། དགེས་པ་རྡོ་རྗེ་ནས་གླིང་མར་གྲགས་པའི་དབང་ཞུས་ནས་དེ་དག་གི་སྒྲུབ་ཐབས་རྣམས་གསན་ནོ། །ཡང་བདེ་མཆོག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དང༌། བདེ་མཆོག་ལྷ་ལྔ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས། ལྷ་བཅུ་གསུམ་མ་སྒྲུབ་ཐབས་སློབ་དཔོན་ལྭ་བ་པས་མཛད་པ་དང༌། དཀྱིལ་འཁོར་གྱི་ཆོ་ག་ཐུན་མོང་བ་དང༌། བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་སློབ་དཔོན་དྲིལ་བུ་ཞབས་ཀྱིས་མཛད་པ་དང༌། དེ་དག་སོ་སོའི་མན་ངག་ཁ་འཐོར་བ་བོད་ཀྱི་བླ་མ་རྣམས་ཀྱིས་སྦྱར་བ་ཅི་རིགས་པ་དང༌། ཡང་ཨུ་ཌྱན་སྒྲོལ་མ་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས། དེའི་དཀྱིལ་འཁོར་གྱི་ཆོ་ག །སྒྲུབ་ཐབས་རིགས་གཉིས། རྫོགས་པའི་རིམ་པའི་མན་ངག །སྔགས་ཀྱི་མན་ངག །མཁའ་འགྲོ་མ་གྲུབ་པའི་རྒྱལ་མོའི་མན་ངག །མགོན་པོ་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་མན་ངག་དང་བཅས་པ་གསན་ནོ། །གཙང་རང་གི་སློབ་དཔོན་སྔགས་པ་རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོ་ལ་ཀུན་རིག་རྩ་བའི་དཀྱིལ་འཁོར་དང༌། རྡོ་རྗེ་རྩེ་མོ་རིགས་བསྡུས་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཞུས་སོ། །ཡང་ཤཱཀྱ་ཐུབ་པས་