[A:༣༢༣]གཙོ་བྱས་པའི་ངན་སོང་སྦྱོང་བ་གཙུག་ཏོར་དགུ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས། སོ་སོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཆོ་གའི་ཡན་ལག་དང་བཅས་པ་དང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་འཇམ་དཔལ་ཞལ་གྱི་ལུང༌། དེའི་འགྲེལ་པ་སློབ་དཔོན་སྨན་པའི་ཞབས་ཀྱིས་མཛད་པ། སློབ་དཔོན་ཉིད་ཀྱིས་མཛད་པའི་སྒྲུབ་ཐབས་ཀུན་ཏུ་བཟང་པོ། དེའི་འགྲེལ་པ་སློབ་དཔོན་དཔལ་འབྲས་རྡོ་རྗེས་མཛད་པ། སློབ་དཔོན་མར་མེ་མཛད་བཟང་པོས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པ། དེའི་འགྲེལ་པ་སློབ་དཔོན་རཏྣ་ཨ་ཀར་ཤཱནྟིས་མཛད་པ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་བདག་སྒྲུབ་པ་ལ་འཇུག་པ། བྱ་བའི་རིམ་པ་བསྟན་པའི་ནོར་ཐམས་ཅད་པ། གསང་བ་འདུས་པའི་རྗེས་སུ་འབྲང་བ་འཕགས་པ་སྤྱན་རས་གཟིགས་ལྷ་བཅུ་དགུ་པའི་སྒྲུབ་ཐབས་ཇོ་བོ་རྗེས་མཛད་པ། མི་བསྐྱོད་རྡོ་རྗེ་ལྷ་བཅུ་དགུའི་སྒྲུབ་ཐབས་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ་སློབ་དཔོན་རྒྱལ་བས་བྱིན་གྱིས་མཛད་པ་ཛ་ཡན་དུ་གྲགས་པ། ཚར་བཅད་པ་དང༌། རྗེས་སུ་འཛིན་པ་དང་འབྲེལ་བའི་མན་ངག་གི་རིམ་པ་འགའ་ཞིག་ཀྱང་གསན་ནོ། །སློབ་དཔོན་དགེ་བའི་བཤེས་གཉེན་ལྷ་བཙུན་ལས། རིགས་པ་དྲུག་ཅུ་པའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། སྟོང་ཉིད་བདུན་ཅུ་པ། རྩོད་པ་བཟློག་པ། ཞིབ་མོ་རྣམ་འཐག་གི་འགྲེལ་པ་སློབ་དཔོན་ཉིད་ཀྱིས་མཛད་པ་རྣམས་གསན་ནོ། །སློབ་དཔོན་དགེ་བའི་བཤེས་གཉེན་སངས་རྒྱས་འབུམ་ལས་བདེ་བར་གཤེགས་པའི་བསྟན་པའི་གཞི་སྤྱོད་པ་རྣམ་པར་དག་པ་སྟོན་པར་བྱེད་པ་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་འདུལ་བ་ལུང་དུམ་བུ་བཞི་པ་གཞུང་ཁྲི་ཕྲག་བཅུ་གཅིག་ཏུ་ལོངས་པ་འདུལ་བ་ལུང་ཡོངས་སུ་རྫོགས་པར་གསན་ནོ། དེ་ཉིད་ལས་མ་ཧཱ་མཱ་ཡའི་འགྲེལ་པ། སློབ་དཔོན་ཤཱནྟི་པས་མཛད་པའི་