[A:༣༣༠]པ་དཔེ་མ་ཁྱུད་མེད་པར་གནང་ཞིང༌། ཟང་ཟིང་གི་སྦྱིན་པའི་ཆར་ཆེན་པོ་ཡང་ཕབ་པར་གྱུར་ཏོ། །དེ་ཚེ་སྐྱེ་བོ་འབྱོར་པ་དུ་མ་ཡིས། །སྣ་ཚོགས་གོས་དང་རིན་ཆེན་དུ་མའི་ཚོགས། །མཁའ་དང་ས་གཞི་གང་བར་འབུལ་བ་ནི། །ཀུན་ཏུ་བཟང་པོས་སྤྲུལ་པའི་མཆོད་སྤྲིན་བཞིན། །ལྷུན་པོ་ལྟ་བུར་ཀུན་ནས་བརྗིད་པའི་སྐུ། །འདུས་པ་རྒྱ་མཚོའི་དབུས་ན་བཞུགས་པ་ནི། །རྒྱལ་སྲས་རྒྱ་མཚོའི་འཁོར་གྱི་དཀྱིལ་འཁོར་ན། །ཐུབ་པའི་དབང་པོ་མངོན་སུམ་བཞུགས་པ་བཞིན། །ཆོས་དང་ཆོས་མིན་རྣམ་པར་འབྱེད་པའི་གསུང༌། །ཚངས་དབྱངས་ལྟ་བུར་ཀུན་ནས་སྒྲོགས་པ་ནི། །རྐང་གཉིས་གཙོ་བོ་ཝཱ་རཱ་ཎ་སཱི་རུ། །ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བ་བཞིན། །གདན་ས་ཆེན་པོར་དེ་ལྟ་བུའི་ཚུལ་གྱིས་ཉིན་མཚན་འདའ་བར་བྱེད་ཅིང་སེམས་ཅན་དུ་མའི་དོན་མཛད་ནས་མེ་མོ་གླང་གི་ལོ་ལ་བབ་པའི་ཚེ། སའི་བདག་པོ་ཆེན་པོ་གོ་པེ་ལའི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དམ་པ་བྱང་ཆུབ་སེམས་དཔའ་ཇིམ་གྱིམ་གྱིས་ཡོན་བདག་འཛད་དེ། དབུས་གཙང་ན་བཞུགས་པའི་དགེ་བའི་བཤེས་གཉེན་དགེ་འདུན་དང་བཅས་པ་ཐམས་ཅད་འབྱོར་པ་ཆེན་པོས་ཆུ་མིག་རིང་མོར་གདན་དྲངས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་ཚེ། ཚོགས་ཀྱི་གཙོ་བོ་བདག་ཉིད་ཆེན་པོ་འདིས་མཛད་ཅིང༌། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཤིན་ཏུ་ངོ་མཚར་བར་གྱུར་ཅིང༌། འགྲོ་བ་དཔག་ཏུ་མེད་པ་གྲོལ་བར་མཛད་ལ། དེའི་ཚེ་འདུས་པ་ཐམས་ཅད་ལ་བདག་ཉིད་ཆེན་པོ་འདིས་གསེར་གྱི་ཕུང་པོ་ཆེན་པོ་འབྲུའི་ཕུང་པོ་ལྟ་བུར་སྤུངས་ནས་སོ་སོའི་ཕྱག་ཏུ་ཇི་ལྟར་འབྲུ་ལ་སོགས་པ་འགྱེད་པ་བཞིན་དུ། གསེར་གྱི་སྦྱིན་པ་ཆེན་པོ་གནང་བ་ཡིན་ཏེ། དེའི་ཚེ་དགེ་འདུན་འདུས་པ་ནི་ངུར་སྨྲིག་འཛིན་པ་ཁྲི་ཕྲག་བདུན་འདུས་ཤིང༌། སྡེ་སྣོད་འཛིན་པ་དང་ཆོས་སྨྲ་བ་གཞུང་ལུགས་དུ་མའི་ཕ་རོལ་ཏུ་སོན་པ་སྟོང་ཕྲག་དུ་མ་བྱུང་ལ། སྐྱེ་བོ་ཕལ་པ་དང་བཅས་པ་འབུམ་དུ་ལོངས་པ་ལ། དགེ་སློང་རྡོ་རྗེ་འཛིན་