R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༢༩
[A:༣༢༩]ཆེན་པོ་དང་བཅས་པས་ཞབས་འབྲིང་བྱས་ཤིང༌། རིམ་གྱིས་གདན་ས་ཆེན་པོར་བྱོན་པའི་ལམ་རྣམས་སུ་མི་དང་མི་མ་ཡིན་པའི་འགྲོ་བས་ཤིན་ཏུ་འབྱོར་པ་དུ་མས་བསུ་བ་དང༌། སྐྱེལ་བ་དང༌། མཆོད་པ་དང༌། བསྙེན་བཀུར་བའི་ཁྱད་པར་དཔག་ཏུ་མེད་པ་དང༌། བགྲོད་དཀའ་བའི་ཆུ་བོ་རྣམས་ལ་ཡང༌། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་ཟམ་པ་འཛུགས་པ་ལ་སོགས་པ་དང༌། མཐོང་བ་དང་ཐོས་པ་ཐམས་ཅད་ཀྱང་བ་སྤུའི་ཚོགས་ཀུན་ནས་ལྡང་ཞིང་མཆི་མ་གཡོ་བར་བྱེད་པ། ངོ་མཚར་བའི་ཁྱད་པར་དཔག་ཏུ་མེད་པ་བྱུང་ཞིང༌། དེ་དག་སོ་སོའི་བསམ་པ་དང༌། ཁམས་དང་མཐུན་པར་དམ་པའི་ཆོས་དུ་མ་བསྟན་ནས་སྨིན་ཅིང་གྲོལ་བར་མཛད་དེ། བྱི་བའི་ལོ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་པས་གདན་ས་ཆེན་པོར་ཆག་ཕེབས་པ་ཡིན་ནོ། །དེ་ལྟར་བདག་ཉིད་ཆེན་པོ་འདི་ཉི་མའི་དཀྱིལ་འཁོར་འོད་ཟེར་གྱི་དྲ་བས་བསྐོར་བའམ། ཟླ་བ་རྒྱུ་སྐར་གྱིས་བསྐོར་བའམ། དེ་བཞིན་གཤེགས་པ་སློབ་མའི་ཚོགས་ཀྱིས་བསྐོར་བ་ལྟར་ཕུན་སུམ་ཚོགས་པ་ཆེན་པོས་གདན་ས་ཆེན་པོར་ཆག་ཕེབས་པའི་མོད་ལ། དབུས་གཙང་ན་བཞུགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་དོན་དུ་གཉེར་བ་སློབ་མའི་ཚོགས་དང་བཅས་པ་དང༌། མི་ཆེན་པོ་དུ་མ་འདུས་ཤིང༌། རྒྱ་གར་དང༌། ཁ་ཆེན་ལ་སོགས་པ་ནས་ཀྱང་འདིའི་སྙན་པས་པཎྜི་ཏ་དུ་མ་བྱུང་ལ། དེ་དག་ཐམས་ཅད་ཀྱིས་རང་རང་གི་ཇི་ལྟར་འབྱོར་པའི་མཆོད་པ་དང༌། བསྙེན་བཀུར་རྒྱ་ཆེན་པོ་བྱས་ཤིང་དགེ་བའི་རྩ་བ་དུ་མ་བསྐྱེད་ནས་དམ་པའི་ཆོས་གསུང་བར་གསོལ་བ་བཏབ་ཅིང༌། བདག་ཉིད་ཆེན་པོ་འདིས་ཀྱང༌། ཆོས་ཀྱི་རྗེ་ཉིད་ལ་མངའ་བའི་དབང་དང་བྱིན་རླབས་ཀྱི་བཀའ་དུ་མ་དང༌། བཤད་པའི་སྲོལ་དུ་མ་དང༌། མན་ངག་གི་སྐོར་ཕྲ་ཞིང་ཕྲ་བ་ཐམས་ཅད་ཀྱང་ང་ལ་ལེགས་པར་ཡོད་པ་ཡིན་པས། ཁྱེད་རང་སོ་སོ་གང་ལ་མོས་པའི་ཆོས་ཐམས་ཅད་ད་ལྟ་ང་ལ་ཞུས་ཤིག་གསུངས་ནས། ཤིན་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་བགྲང་བ་ལས་འདས་