R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༣༡
[A:༣༣༡]པ་འཕགས་པས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གནང་ཞིང༌། དེ་དག་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པ་མཛད་པ་ཡིན་ཏེ། འདི་ཉིད་ཀྱིས་བསྟན་པའི་རྩིས་མཛད་པ་ལས་སྐྱེ་བོ་ཕལ་པ་དང་བཅས་པ་འབུམ་དུ་ལོངས་ལ། དགེ་སློང་རྡོ་རྗེ་འཛིན་པ་འཕགས་པས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བྱས་པའི་ཉིན་པར་བསྟན་པའི་རྩིས་འདི་ཡང་ཡི་གེར་བྲིས་ཤིག་ཅེས་འབྱུང་བ་ཡིན་ནོ། །དེ་ལྟར་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་ཅིང༌། རིམ་གྱིས་གདན་ས་ཆེན་པོར་བྱོན་ནས། དེ་བཞིན་གཤེགས་པའི་གསུང་རབ་མདོ་སྡེ་ལ་སོགས་པ་བོད་དུ་འགྱུར་བ་རྣམས་ལ་དུས་ཕྱིས་ཡི་གེ་དང༌། བརྡ་དང༌། ཐ་སྙད་དང༌། གོ་རིམས་ལོག་པར་གྱུར་པར་རྣམས། ཡི་གེ་དང༌། བརྡ་དང༌། ཐ་སྙད་ལེགས་པར་བཅོས་ཏེ། ཤིན་ཏུ་དག་པར་བྱས་ནས་གོ་རིམས་ལ་སོགས་པ་ལེགས་པར་བསྒྲིགས་ཤིང༌། དེ་དག་ཐམས་ཅད་དབུས་གཙང་གི་ཡིག་མཁན་མཁས་པ་ཐམས་ཅད་བསགས་ནས། རྒྱ་ཡུལ་ནས་བྱུང་བའི་ཤོག་སྔོན་གྱ་ནོམ་པ་ལ་རིན་པོ་ཆེ་གསེར་གྱིས་བཞེངས་ཤིང༌། དེ་དག་སོ་སོ་ལའང་གསེར་གྱི་གླེགས་ཤིང༌། ཉི་འོག་གི་གོས་གྱ་ནོམ་པའི་ན་བཟའ་ལ་སོགས་པས་སྤྲས་པར་མཛད་དེ། བཀའ་བསྡུ་བ་གསུམ་པ་ལྟ་བུ་མཛད་པ་ཡིན་ནོ། །དེ་ལྟ་བུའི་སྐྱེས་བུ་དམ་པ་འདིས་སྔོན་གྱི་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་དང་མཐུན་པར་བསྟན་བཅོས་དང༌། སྤྲིང་ཡིག་དང༌། གདམས་པ་ལ་སོགས་པ་མང་དུ་མཛད་དོ། །འདི་ལྟར་སའི་བདག་པོ་ཆེན་པོ་རྒྱལ་པོ་ཆེན་པོ་ལ་གདམས་པའི་རབ་ཏུ་བྱེད་པ་དང༌། རྒྱལ་པོ་ཇིམ་གྱིམ་གྱིས་བསྐུལ་ནས་མངོན་པའི་བསྟན་བཅོས་ཆེན་པོ་ཤེས་བྱ་རབ་ཏུ་གསལ་བ་དང༌། རྒྱལ་བུ་མང་ག་ལ་ལ་གདམས་པ་བཀྲ་ཤིས་ཀྱི་ཕྲེང་བ་དང༌། རྒྱལ་བུ་ཇི་བིག་ལ་གཏམ་དུ་བྱེད་པ་ནོར་བུའི་ཕྲེང་བ་དང༌། རྒྱལ་བུ་མོ་ནོ་གན་ལ་སྤྲིང་ཡིག་ཤློ་ཀ་བརྒྱ་རྩ་བརྒྱད་པ་ལ་སོགས་པ་རྒྱལ་བརྒྱུད་དུ་མ་དང༌། སློབ་མ་དུ་མ་ལ་སོ་སོའི་བསམ་པ་དང་མཐུན་པར་སྤྲིང་ཡིག་ལ་སོགས་པ་གདམས་པ་དུ་མ་མཛད་ཅིང་དེ་དག་སོ་སོའི་