R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༣༤
[A:༣༣༤]སྐྱིད་པའི་ཁྱད་པར་ཐམས་ཅད་སྐྱེས་བུ་དམ་པ་འདི་ལྟ་བུ་ལས་འབྱུང་བ་ཡིན་ལ་འདི་ནི་གཞན་དུ་བཞུད་པར་དགོངས་པའི་ཕྱིར་རོ། །དེའི་ཚེ་སྐྱེ་དགུ་རྣམས་ལ་དེ་ལྟ་བུའི་ལྟས་ངན་བྱུང་ལ། བདག་ཉིད་ཆེན་པོ་ནི་བདེ་བ་ཅན་ན་དེ་བཞིན་གཤེགས་པ་ཨ་མི་ཏཱ་བྷ་ཝ། པདྨ་རཱ་གའི་རི་བོ་ལྟར་ཀུན་ནས་བརྗིད་པའི་ཞབས་ཀྱི་དྲུང་ན། བྱང་ཆུབ་སེམས་དཔའི་ཚོགས་དུ་མ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ཆེན་པོས་མཆོད་པ་བྱེད་པ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་དུ་མའི་བཀོད་པ་ཐུགས་དམ་དུ་གཟིགས་པའི་སྣང་བ་བྱུང་ལ། ཁྱད་པར་དུ་འབྲུག་ལོ་ཟླ་བ་བཅུ་པའི་ཚེས་གསུམ་གྱི་མཚན་མོ་ལ། དཔལ་གྱི་རི་ལ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་བྱང་ཆུབ་ཀྱི་ཤིང་རྒྱ་དང་ཚད་གཞལ་བར་དཀའ་བའི་ཞབས་ཀྱི་དྲུང་ན་བཞུགས་པ་ལ། བདག་ཉིད་དབུ་མ་རིགས་པའི་ཚོགས་དྲུག་ལ་སོགས་པ་གསན་ཅིང༌། ནམ་མཁའ་ལ་ལྷའི་བུ་མོ་དུ་མས་མཆོད་པའི་ཁྱད་པར་དཔག་ཏུ་མེད་པས་མཆོད་པ་བྱེད་པ་དང༌། རིག་པའི་རྒྱལ་མོ་རྨ་བྱ་ཆེན་མོ་མངོན་སུམ་དུ་བཞུགས་པ་རྣམས་རྨི་ལམ་དུ་གསལ་བར་བྱུང་ཞེས་གསུངས་ནས། དེའི་རྣམ་པར་ཐར་པ་ནི་མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པར་དགོངས་ནས། བདག་ཉིད་ཆེན་པོ་ཉིད་ཀྱིས་ཇི་ལྟ་བ་བཞིན་ཞལ་ཏ་མཛད་ནས་བྲིས་པ། དད་པ་ཅན་རྣམས་དད་པས་ཐག་རིང་པོ་ནས་བལྟ་ཞིང་ཕྱག་འཚལ་བའི་ཡུལ་ཁང་གསར་གྱི་གཟིམས་ཁང་གི་གྱེན་ལོགས་ལ་མཆོད་པའི་ཚོགས་རྒྱ་ཆེན་པོས་སྤྲས་པ་ཐམས་ཅད་མངོན་སུམ་དུ་བཞུགས་པ་ཡིན་ནོ། །གཞན་ཡང་དེ་ལྟ་བུ་ལ་སོགས་པ་ངོ་མཚར་བའི་ཚུལ་དུ་མས་ཉིན་མཚན་འདའ་བར་བྱེད་ཅིང༌། བླ་མ་ཆོས་ཀྱི་རྗེའི་དུས་ཀྱི་མཆོད་པ། ཡང་ཟླ་བ་བཅུ་པ་དེ་ཉིད་ནས་བཟུང་སྟེ་ཤིན་ཏུ་གྱ་ནོམ་པར་མཛད་དོ། །དེའི་ཚེ་དྲུང་ན་བཞུགས་པ་རྣམས་ཀྱིས་བླ་མ་ཆོས་ཀྱི་རྗེའི་དུས་ཀྱི་མཆོད་པ་འདི་སྔར་ནས་ཟླ་བ་བཅུ་གཅིག་པ་ལ་མཛད་པ་མ་ལགས་སམ་ཞེས་ཞུས་པས། ཡིན་མོད་ཀྱི་བླ་མ་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས་པ་ནི་ཟླ་བ་རེ་ཙམ་བྱེད་པར་དམ་བཅའ་ཡིན་ལ། བཅུ་གཅིག་པའི་ཟླ་བ་ཚང་བར་