R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༣༥
[A:༣༣༥]མཎྜལ་འབུལ་བ་ལ་སོགས་པ་མ་བྱུང་གིས་དོགས་ནས་བསུ་བ་ཡིན་མོད་གསུངས། དེ་བས་ཟླ་བ་བཅུ་པའི་ཚེས་བཅོ་བརྒྱད་ཀྱི་བར་དུ་ཚོགས་སུ་བྱོན་ཞིང་ཆོས་ཀྱང་གསུངས་ལ། བཅོ་བརྒྱད་དང༌། བཅུ་དགུ་དང༌། ཉི་ཤུ་གཅིག་རྣམས་ལ་ནི་གཟིམས་ཁང་ཉིད་དུ་བཞུགས་པར་གྱུར་ཏོ། །དེ་ནས་ཉི་ཤུ་གཉིས་ཀྱི་སྔ་དྲོའི་ཆ་ལ་མཆོད་པའི་ཚོགས་རྒྱ་ཆེན་པོ་ཤོམ་གསུངས་ནས། རྡོ་རྗེ་དྲིལ་བུ་བསྣམས་ཏེ། རྟག་འཛིན་ཅན་རྣམས་ཀྱི་རྟག་པར་འཛིན་པའི་ལོག་རྟོག་བསལ་བ་དང༌། ལེ་ལོ་ཅན་རྣམས་བརྩོན་འགྲུས་ཆེན་པོ་ལ་བསྐུལ་བ་དང༌། དེས་འདུལ་བའི་སེམས་ཅན་རྣམས་འདུལ་བའི་ཕྱིར་ནམ་མཁའ་ལས་སྒྲ་དང༌། འོད་དང༌། མེ་ཏོག་གི་ཆར་འབབས་པ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཚུལ་བསྟན་པར་གྱུར་ཏོ། །དེ་ཚེ་རྒྱ་མཚོའི་མཐའ་ཀླས་ས་ནི་གཡོས་གྱུར་ཅིག །ནམ་མཁའ་ལས་ཀྱང་སིལ་སྙན་དུ་མའི་སྒྲ། །ཀུན་ནས་སྒྲོགས་ཤིང་སྤོས་དང་མེ་ཏོག་ཆར། །རྣམ་པ་སྣ་ཚོགས་ལྡིང་ཞིང་འབབ་པར་གྱུར། །ཀྱེ་མ་ཀྱེ་ཧུད་ལྷུན་པོ་ལྟ་བུར་གཟི་ཆེ་བ། །ཡོན་ཏན་གསེར་རིའི་ཕྲེང་བས་འཁྲིགས་པ་པོ། །མཚན་དང་དཔེ་བྱད་འབར་བས་སྤྲས་པའི་སྐུ། །ཆོས་དབྱིངས་རྒྱ་མཚོའི་ངང་དུ་ནུབ་པར་གྱུར། །ཀྱེ་ཧུད་སྟོང་ཉིད་ཟབ་མོའི་འབྲུག་སྒྲོགས་པ། །གསུང་རབ་དུ་མའི་ཆར་རྒྱུན་འབེབས་པ་པོ། །སྤོབས་པའི་གློག་ཕྲེང་རྒྱུ་བས་བརྒྱན་པ་ཡི། །ཆོས་ཀྱི་སྤྲིན་དེ་གཞན་དུ་གཡོས་པར་གྱུར། །ཀྱེ་ཧུད་སྔོན་སྦྱངས་རྒྱ་མཚོ་ལས་འཁྲུངས་པ། །དངོས་གྲུབ་མ་ལུས་ཀུན་ནས་སྩོལ་བ་པོ། །བསྟན་པའི་རྒྱལ་མཚན་ཀུན་ནས་མཛེས་བྱེད་པ། །ཡིད་བཞིན་ནོར་བུ་ཆེན་པོ་དེང་འདིར་སྟོར། །ཀྱེ་ཧུད་སྙིང་རྗེའི་རྩ་བ་རབ་བརྟན་པ། །འདོད་དགུའི་འབྲས་བུ་མ་ལུས་འབྱུང་བ་པོ། །གཞན་དོན་འབྱོར་པའི་ཡལ་ག་ཕུན་ཚོགས་པ། །དཔག་བསམ་ཤིང་དེ་འདིར་ནི་མི་སྣང་གྱུར། །ཀྱེ་མ་ཀྱེ་ཧུད་ཉི་མའི་དཀྱིལ་འཁོར་ལྟར། །ལེགས་པར་བཤད་པའི་འོད་ཟེར་