R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༣༣
[A:༣༣༣]རཀྵི་ཏ་ལ་བླ་མ་ས་སྐྱ་པ་ཆེན་པོའི་རྣམ་པར་ཐར་པ་ལ་སོགས་གསུངས་ནས། བླ་མ་དམ་པ་དེ་རྣམས་ལ་ཡོན་ཏན་གྱི་ཕུང་པོ་དེ་ལྟ་བུ་མངའ་ཞིང༌། བསྟན་པའི་བྱ་བ་དེ་ལྟ་བུ་མཛད་པ་ཡིན་ལ། ངས་ཀྱང་བསྟན་པའི་བྱ་བ་དང༌། སེམས་ཅན་ལ་ཕན་པ་ཅི་ནུས་ཀྱི་ཚུལ་དུ་བསྒྲུབ་པ་ཡིན་པས། ད་ནི་ཁྱོད་ཀྱིས་ཀྱང་དེ་བཞིན་དུ་བྱེད་དགོས་པ་ཡིན་པས་གོ་བར་གྱིས་ཤིག་ཅེས་གསུངས་སོ། །དེ་ནས་མྱ་ངན་ལས་འདའ་བ་ཆེན་པོ་སྟོན་པའི་དུས་དང་ཉེ་བར་གྱུར་པ་ན། བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་མངོན་པར་ཤེས་པས་ཤེས་ཏེ། སྐྱེས་བུ་དམ་པ་འདི་ལྟ་བུ་མི་བཞུགས་ན་རྒྱལ་བའི་བསྟན་པ་སུས་འཛིན་ཞེས་མི་དགའ་ཞིང་མྱ་ངན་གྱིས་མངོན་པར་ནོན་པའི་ཡིད་ཀྱིས་ངུ་བའི་མཆི་མའི་ཆར་གྱིས་ས་གཞི་ཆེན་པོ་ཡང་བངས་པར་གྱུར་ཏེ། བྱའི་ཁ་དོག་ཕྱིན་ཅི་ལོག་པ་ལ་སོགས་པ་དུ་མ་ཡང་སྟོན་པར་གྱུར། ཉི་མའི་དཀྱིལ་འཁོར་ཡང་འོད་ཟེར་མི་གསལ་ཞིང༌། དུས་ཚིགས་དང་རྒྱུ་སྐར་ཡང་ལོག་པར་རྒྱུ་བར་གྱུར། སྐྱེ་དགུ་ཐམས་ཅད་ཡིད་རྣམ་པར་འཁྲུག་ཅིང་མྱོས་ནས་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་ཤིང་ཕྱོགས་བསླད་པ་བཞིན་དུ་གྱུར། སྤོང་བ་བསམ་གཏན་པ་རྣམས་ཀྱང་སྙྀང་ཡེད་ཡེད་པོར་གྱུར་ཏེ། སེམས་རྩེ་གཅིག་པ་མི་ཐོབ་ཅིང༌། ཉན་བཤད་བྱེད་པ་རྣམས་ཀྱང་ཉན་བཤད་ལ་སྤྲོ་བ་མེད་པར་བྱ་བ་མ་ཡིན་པ་གཞན་དག་ལ་འཇུག་པར་མོས་པར་གྱུར། སའི་ལྷ་ཡང་སྤྲོ་བ་མེད་པས་ལོ་ཏོག་གི་ཁྱད་པར་རྣམས་ཀྱང་སྨིན་པར་མ་གྱུར་ཏོ། །ཉི་མའི་དཀྱིལ་འཁོར་འོད་ཀྱི་དྲ་བ་ཅན། །ནུབ་ཀྱི་རི་རྩེའི་ཉེ་བར་གྱུར་པ་ན། །གྲིབ་མའི་ཚོགས་རྣམས་མངོན་སུམ་འོངས་པ་བཞིན། །བདག་ཉིད་ཆེན་པོ་ཡོན་ཏན་ལྡན་པའི་ཐུགས། །གཞན་དུ་བཞུད་པར་དགོངས་པའི་མོད་ལ་ཡང༌། །སྔ་ལྟས་དེ་དག་གློ་བུར་ལྷགས་པར་གྱུར། །དེ་ལྟ་བུ་ཅིའི་ཕྱིར་འབྱུང་ཞེ་ན། གང་ཟག་དམ་པ་རྣམས་གཞན་དུ་བཞུད་པར་དགོངས་པ་ན། སྔ་ལྟས་དེ་ལྟ་བུ་འབྱུང་བ་ནི་ཆོས་ཉིད་ཡིན་ཏེ། སྐྱེ་དགུ་ཐམས་ཅད་ཀྱི་བདེ་བ་དང་